ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་སྤྱི་ལེ་ཉི་ཤུ་ཙམ་རྒྱང་བའི་ལེབ་ཁོག་ཅེས་པའི་ལུང་པ་ཞིག་གི་རི་ངོས་དང་བྲག་ངོས། དེ་བཞིན་ལམ་འགྲམ་གྱི་ཕ་བོང་ཡོངས་ལ་མ་ཎི་འབྲུ་དྲུག་དང་ཆོས་ཡིག་སོགས་རྡོ་ལ་བརྐོས་ཡོད་པས། ས་གནས་དེ་གའི་ཡུལ་མི་རྣམས་ཀྱིས་རི་བྱོན་མ་ཎི་ཞེས་མིང་ལའང་དེ་ལྟར་བརྗོད་བཞིན་འདུག། དེ་ནི་གནའ་སྔ་མོར་རྒྱ་བཟའ་ཀོང་ཇོ་བོད་དུ་བྱོན་དུས་ལུང་པ་འདི་ནས་ཕེབས་མྱོང་བ་དང་། ཕྱིས་སུ་ཕྱི་རབས་པ་རྣམས་ཀྱིས་ཀོང་ཇོ་བོད་དུ་ཕེབས་པར་རྗེས་དྲན་ཞུ་ཕྱིར་ལུང་གཞུང་འདིའི་རི་ཆུ་བྲག་གསུམ་གྱི་རྡོའི་ངོས་སུ་ལྷ་སྐུ་དང་མ་ཎི། བཀྲ་ཤིས་སྨོན་འདུན་སོགས་བརྐོས་པ་དང་།རྡོ་བརྐོས་འདི་དག་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་ཅེས་ད་ལྟ་མངོན་སུམ་དུ་མཇལ་རྒྱུ་འདུག།
རི་བྱོན་མ་ཎིའི་གཡོན་ཕྱོགས་ཀྱི་བྲག་ངོས་སུ་རྣམ་པར་སྣང་མཛད་ཉིད་པདྨའི་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་སྐུ་དང་། དེའི་འོག་གཡས་གཡོན་གཉིས་ལ་རྡོ་རྗེ་སེམས་དཔའ་དང་སྤྱན་རས་གཟིགས་ཀྱི་སྐུ། དེའི་འོག་ན་གུས་ཕྱག་དང་བཅས་པས་རྟའི་ལོ་བཀྲ་ཤིས་ཉིན་ཞེས་པའི་གནའ་ཡིག་བྲིས་ཡོད་པས། ལེབ་ཁོག་རྡོ་བརྐོས་འདིའི་ལག་ཤེས་དང་དུས་རབས་ནམ་བཞེངས་པ་སོགས་ཀྱི་ཐད་ནས་དཔྱད་ཞིབ་ཀྱི་བདེན་དཔང་བླ་ན་མེད་པ་ཞིག་ཀྱང་འདི་ནས་གསལ་འདུག། ༼ ནོར་བུས་པར་བླངས།༽
