བྲག་མདོ་མྱུར་བགྲོད་གཞུང་ལམ་ནི་བྲག་མགོ་ནས་འགོ་བཙུགས་པ་དང་རྟའུ་དཔལ་སྨད་གྲོང་རྡལ་བརྒྱུད་དེ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་ནས་མཇུག་རྫོགས། དེ་ནི་ཁྲོན་བོད་ལྷོ་བྱང་མྱུར་ལམ་གྱི་འགག་རྩའི་སྦྲེལ་ལམ་དང་ཁྲོན་བོད་བགྲོད་ལམ་གྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པ་རེད། འཆར་གཞི་ལྟར་ན2030ལོར་མྱུར་ལམ་ལམ་ཐིག་དེ་ལས་ཚར་རྒྱུ་དང་། བསྐྲུན་ཚར་རྗེས་ར་རྔ་ཁ་གྲོང་རྡལ་ནས་བྲག་མགོ་རྫོང་བར་གྱི་འགྲོ་སྐྱོད་དུས་ཚོད་སྔོན་གྱི་ཆུ་ཚོད4འགོར་བ་དེ་ཆུ་ཚོད2ལ་བསྟུང་ཐུབ།
ཉེ་ཆར་ཁྲོན་ལམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བྲག་མགོ་ནས་དར་མདོ་ར་རྔ་ཁ་གྲོང་རྡལ་བར་གྱི་མྱུར་བགྲོད་གཞུང་ལམ(བསྡུས་མིང་བྲག་མདོ་མྱུར་ལམ་ཟེར)ལམ་ཐིག་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། དམུ་རྗེ་ཕུག་ལམ་གྱི་གཡས་ཕྱོགས་ཕུག་ལམ་ལས་འགོ་བཙུགས་པ་ལས་ཕུག་ལམ་ལས་གྲྭ་གཙོ་གཞིར་དངོས་སུ་ཨར་པོ་རྒྱག་པའི་དུས་རིམ་ལ་སླེབས་པར་མཚོན་ཡོད། དམུ་རྗེ་ཕུག་ལམ་དེ་དཀར་མཛེས་ཁུལ་རྟའུ་རྫོང་གི་ཁུག་ཆ་ཡུལ་ཤོག་སུ་གནས་ཤིང་། ཆ་སྙོམས་མཚོ་འཕགས་སྨི3860ཡོད་པ་དང་ཕུག་ལམ་རིང་ཚད་སྤྱི་ལེ8ཡོད། ཕུག་ལམ་གྱི་འཕང་མཐོ་ཤོས་སྨི473ལ་ཟིན་པས་ལམ་ཐིག་ཧྲིལ་པོའི་ཨར་པོ་དཀའ་ཚད་ཆེ་ཤོས་དང་འབར་གས་ཉེན་ཁ་ཆེ་བའི་ཕུག་ལམ་ཞིག་རེད། ལས་གཞི་དེ་ནི་གཤིས་ཆུའི་ས་ཤུན་གས་སྲུབས་རྒྱུད་དང་གཤིབ་ནས་ལས་པ་དང་། ཕུག་ལམ་དེVརིམ་པའི་བྲག་རི་གཙོས་བྱས་པ་དང་བྲག་རྡོའི་སྲ་བརྟན་རང་བཞིན་ཅུང་ཞན་པས། ཨར་པོ་རྒྱག་རིང་མཐོ་སྒང་གི་དབུགས་མི་འདང་བ་དང་གྲང་ངར་ཆེ་བ། སྐྱེ་ཁམས་ཞན་པ་སོགས་འགྲན་སློང་དང་འཕྲད་ནས་ཨར་ལས་ཉེན་མེད་དང་ལག་རྩལ་དོ་དམ་ཚོད་འཛིན། ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་སོགས་ཀྱི་བླང་བྱ་སྤྱིར་བཏང་གི་ཕུག་ལམ་ལས་ཆེས་ནན་པོ་ཡིན་པ་རེད། ན་ནིང་ཟླ་བ་དགུ་པ་ནས་བཟུང་། བྲག་མདོ་མྱུར་ལམ་གྱི་སྔོན་བཀོད་ཨར་ལས་བྱ་ཡུལ10མགྱོགས་སུ་བསྐྲུན་དང་སྐྲུན་བཞིན་ཡོད། ད་ལོའི་ཟླ་བ་གསུམ་པའི་འགོར་ལམ་ཐིག་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཞན་ཞིག་སྟེ། དཔའ་སྨད་ཕུག་ལམ་གྱི་འཛུལ་སྒོ་གཡོན་ལམ་དང་ཐོན་སྒོ་གཡས་ལམ་ལས་འགོ་བཙུགས་པ་རེད། བྲག་མདོ་མྱུར་བགྲོད་གཞུང་ལམ་ནི་བྲག་མགོ་ནས་འགོ་བཙུགས་པ་དང་རྟའུ་དཔལ་སྨད་གྲོང་རྡལ་བརྒྱུད་དེ་དར་མདོ་གྲོང་ཁྱེར་ར་རྔ་ཁ་གྲོང་རྡལ་བར་ཡིན་པ་དང་དེ་ནི་ཁྲོན་བོད་ལྷོ་བྱང་མྱུར་ལམ་གྱི་འགག་རྩའི་སྦྲེལ་ལམ་དང་ཁྲོན་བོད་བགྲོད་ལམ་གྱི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པ་རེད། ལམ་ཐིག་རིང་ཚད་སྤྱི་ལེ186ཡོད་པ་དང་ཆ་སྙོམས་མཚོ་འཕགས་སྨི3500ཡན་དང་རགས་རྩིས་བྱས་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར329ལ་ཟིན་རྒྱུ་རེད། ལས་གཞི་དེ2025ལོའི་ཟླ་བ9པར་ལས་འགོ་བརྩམས་པ་དང་འཆར་གཞི་ལྟར་ན2030ལོར་ལམ་ཐིག་ཡོངས་འབྲེལ་མཐུད་ཐུབ་རྒྱུ་རེད། བསྐྲུན་ཚར་རྗེས་ར་རྔ་ཁ་གྲོང་རྡལ་ནས་བྲག་མགོ་རྫོང་བར་གྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད4འགོར་བ་དེ་ཆུ་ཚོད2ལ་བསྟུང་ཐུབ།།
( ལྷ་འཛོམས་ཀྱིས་བསྒྱུར།)
