国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་དཔྱིད་རྨོད་རྨོད་གྲབས་ལས་ཀ་ཚ་ཚ་འུར་འུར་སྤེལ།

ཉིན་ཤས་བསྟུད་མ་ལ། རང་ཁུལ་གྱི་ས་གནས་ཁག་གིས་ཞིང་ལས་དུས་ཚོད་དམ་འཛིན་དང་ས་ཁོངས་ཡོངས་སུ་མཉམ་འགུལ་བྱས་ཏེ། སོན་བཟང་སྤྲོད་པ་དང་ཞིང་ལས་ལག་རྩལ་མཛུབ་ཁྲིད། ཆུ་བེད་འགན་ལེན། ཞིང་འཕྲུལ་ནུས་རོགས་བཅས་ཀྱི་ཐད་ཁྱོན་ཡོངས་དང་རིམ་པ་མང་བའི་དཔྱིད་རྨོད་རྨོད་གྲབས་ཚ་ཚ་འུར་འུར་ངང་སྤེལ་བ་རེད།

དཔྱིད་རྨོད་ནི་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་གནད་འགག་ཡིན་ཞིང་། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས་ཀྱིས་ཁུལ་ཡོངས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སྲིད་ཇུས་དང་ཚན་རྩལ། ཞབས་ཞུ་བཅས་ལ་བརྟེན་ནས་དཔྱིད་རྨོད་ལ་འགནག་སྲུང་བྱས་པ་རེད། 《2026ལོའི་ཁུལ་ཡོངས་ཀྱི་ཞིང་འབྲོག་དང་ཞིང་སྡེའི་གཙོ་གནད་ལས་འགན་གསལ་ཐོ》བཀྲམ་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་དམིགས་འབེན་ཁག་བགོས་གཤམ་སྤྲོད་དང་འབྲུ་སྣུམ་གདབ་དགོས་རིགས་ཚང་མ་འདེབས་ཐུབ་པར་འགན་ལེན་བྱས་ཤིང་། ཞིང་ལས་ལག་རྩལ་མི་སྣ་ཆིག་སྟོང་བསྡུས་ཏེ་གཞི་རིམ་དུ་བསྐྱོད་དེ་ཞིང་ལས་ཚན་རྩལ་གྱི་དཔེ་སྟོན་ཆེན་པོ་དང་ཁྱབ་གདལ་ཆེན་པོ། གསོ་སྦྱོང་ཆེན་པོ་བཅས་བྱས་པ་རེད།

ཞིང་ཕན་ཁ་གསབ་དམ་འཛིན་བྱས་ཏེ་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་ལ་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི6937.2དང་། ཞིང་ཆེན་རིམ་པའི་འབྲུ་རིགས་འདེབས་མཁན་དུད་ཚང་ཆེ་གྲས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི2596དོན་ལ་འཁྱོལ་བ་དང་། ད་ལོ་ད་དུང་དཀར་མཛེས་རྫོང་དུ་འབྲུ་རིགས་ཐོན་སྐྱེད་ལ་སྐུལ་བའི་ཁ་གསབ་ལས་གཞི་སྤེལ་བ་དང་། བྱ་དགའི་ཁ་གསབ་མ་དངུལ་ལ་བརྟེན་ནས་འབྲུ་རིགས་ཐོན་ཁུལ་རྫོང་ཆེ་གྲས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཞིང་ཕན་སྲིད་ཇུས་ཀྱིས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་དངོས་སུ་འཐོབ་པ་བྱ་རྒྱུ་རེད།།

( བདེ་སྐྱིད་ཀྱིས་བྲིས།)