国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དོན་ཆེན་བདུན་ལ་དམིགས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པར་གདོང་མཆོང་བྱེད།

འབའ་ཐང་རྫོང་གིས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད།

5690_02B_20260330རྫོང་རྩ་སྟོང་ཝད་ཁྲི་བརྒྱ་རིམ་པའི་མཐོ་སྒང་རི་ཁུལ་གྱི་འོད་ཤུགས་ལས་གཞི།

2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན་ལ། འབའ་ཐང་རྫོང་གིས་སི་ཁྲོན་དང་ཡུན་ནན།བོད་ལྗོངས་འབྲེལ་མཚམས་ཀྱི་ས་བབ་ལེགས་ཆར་བརྟེན་ནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་།འགྲིམ་འགྲུལ་ཤར་གཏོང་བྱེད་པ།གྲོང་ཁྱེར་དང་གྲོང་སྡེའི་རྣམ་པ་ལེགས་སུ་གཏོང་བ།རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པ།དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་བ།སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་གཏོང་བ།བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་གཏང་རྒྱུའི་འཕེལ་རྒྱས་ཀྱི་དོན་ཆེན་བདུན་གཏན་འཁེལ་བྱས་པའི་ལོ་ཞིག་ཀྱང་ཡིན།འབྱུང་འགྱུར་ལོ་ལྔའི་ནང་གཙོ་གནད་རྣམ་གྲངས389ཇུས་འགོད་བྱས་པ་དང་ཁྱོན་མ་འཇོག་སྒོར་དུང་ཕྱུར373ལས་བརྒལ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྔ་བས་ཤུགས་བརྒྱབ་པ་དང་ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་གང་ཐུབ་བྱེད་བཞིན་ཡོད།

འབའ་ཐང་རྫོང་ཨུའི་འགན་འཁུར་བ་གཙོ་བོས་རྫོང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུར་གཏམ་བཤད་བྱེད་སྐབས“ད་ལོ་ང་ཚོའི་ལས་འགན་གཙོ་བོ་ནི་དོན་ཆེན་བདུན་དོན་ཐོག་ཏུ་འཁྱོལ་ནས་ལས་གཞི་ཚང་མའི་འཕེལ་རྒྱས་ལ་སྐུལ་བ་དང་དམངས་འཚོ་ལ་ཕན་པའི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་དེ་ཡིན།འབྲི་ཆུའི་ངོགས་ཀྱི་ཆུ་གློག་ས་ཚུགས་སྐྲུན་ཡུལ་ནས་རྒྱལ་ལམ318འགྲམ་གྱི་གྲོང་སྡེའི་ཡུལ་མིའི་སྡོད་ཁང་བར་དང་།ཞིང་ཁའི་ཁྱད་ལྡན་ཞིང་ལས་རྟེན་གཞི་ནས་རྫོང་གྲོང་གི་གྲོང་ཁྱེར་གསར་སྒྱུར་ལས་ཡུལ་བར་སོགས་འབའ་ཐང་གི་ས་ཆ་གང་སར་དངོས་སྒྲུབ་ཀྱི་ཚ་རླབས་འཕྱུར་བཞིན་ཡོད།

ཐོན་ལས་སྟོབས་ལྡན་དུ་བཏང་ནས་མི་སེར་གྱི་དངུལ་ཁུག་མཐུག་པོར་གཏང་རྒྱུ་ནི་ལས་འགན་ཨང་དང་པོ་ཡིན། ནུས་རྒྱུ་སྟོབས་ལྡན་རྫོང་གི་འགྲན་ལམ་ཐོག་ལྷག་བ་ཆུ་གློག་ས་ཚུགས་དང་འཕྲང་པོ་ཆུ་གློག་ས་ཚུགས་སྐྲུན་ཡུལ་དུ་འཕྲུལ་འཁོར་འདྲ་མིན་གྱིས་ལྡིར་སྒྲ་སྒྲོག་བཞིན་ཡོད། ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་ལས་དོན་མི་སྣས་ད་སྔར་རྣམ་གྲངས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བརྟན་པོའི་ངང་སྤེལ་བཞིན་ཡོད་པས་དུས་བཀག་ལྟར་གློག་གཏོང་འགོ་འཛུགས་རྒྱུར་འགན་ལེན་བྱེད་བཞིན་ཡོད། སྡེ་དར་འོད་ཤུགས་གློག་ས་ཚུགས་དུས་ཐེངས་དང་པོ་བསྐྲུན་ཟིན་པ་དང་།རྫོང་རྩ་དང་སྡེ་དར་གྱི་དུས་ཐེངས་གཉིས་པ་སོགས་འོད་ཤུགས་རྣམ་གྲངས་མགྱོགས་མྱུར་སྤེལ་བཞིན་ཡོད། འབའ་ཐང་རྫོང་གིས2030ལོར་གློག་ཤུགས་ཀྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝད་ཁྲི700ལ་ཟིན་པའི་དམིགས་ཚད་ཕྱོགས་སུ་འབད་འཐབ་བྱས་ཏེ་ནུས་ཤུགས་ཡོད་རྒུས“ནུབ་གློག་ཤར་འདྲེན”གྱི་རྟེན་གཞི་གལ་ཆེན་གཏོད་བཞིན་ཡོད།

ཡུལ་སྐོར་ལ་བརྟེན་ནས་རྫོང་ཁོངས་དར་རྒྱས་སུ་གཏོང་བ་གཙོ་གནད་དུ་བཟུང་ནས་འབའ་ཐང་རྫོང་གིས“གཙོ་གནད་གཅིག་གིས་སྣེ་ཁྲིད་པ་དང་།རྒྱུད་གཉིས་མཉམ་སྐུལ།བར་ཁྱམས་གསུམ་ཁྱབ་འབྲེལ”བཅས་ཀྱི་ཁྱབ་ཁོངས་ཡོངས་ཀྱི་ཡུལ་སྐོར་རྣམ་པར་དམིགས་ཏེ་མཚོ་ཕུAལྔ་རིམ་པ་དང་གེ་མོའི་རྩྭ་ཐངAབཞི་རིམ་པ་གཏོད་རྒྱུར་བསྐུལ་བས་སོ་བ་ནང་ཡུལ་ཤོག་ཉ་མགོ་གྲོང་སྡེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ལག་ལེན་དེ་གསོན་ཉམས་དོད་པའི་མ་དཔེ་ཞིག་ཏུ་གྱུར། ཆུ་གློག་གནས་སྤོས་ཡུལ་མིའི་གྲོང་སྡེ་གསར་པ་དེར་གནས་ཚང56དང་ཆུ་ཚན་གནས་ཚང16འཕེལ་རྒྱས་སུ་བཏང་བས་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི10ལྷག་འཕར་བ་དང་།གྲོང་སྡེའི་གནས་ཚང་གི་ཐུན་མོང་དཔལ་འབྱོར་ལོ་རེའི་བོགས་དངུལ་སྒོར་ཁྲི56ལ་ཟིན་པ་རེད།

ཞིང་ལས་བརྟན་པོར་ཡོང་ན་ཕན་འབྲས་མངོན་གསལ་ཐོབ། འབའ་ཐང་རྫོང་གི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི6.2ཡན་བརྟན་པོར་བྱུང་བ་དང་། “འབའ་ཐང་ཀུ་ཤུ”ཐོན་ལས་ཀྱིས་ཚན་རྩལ་ལ་བརྟེན་ནས་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མཐོ་རུ་ཕྱིན། མ་དངུལ་སྒོར་ཁྲི180བཏང་ནས་ཟོག་སྦྲེལ་དྲ་བའི་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ་དང་། མུའུ800ཡོད་པའི་ཤིང་འབྲས་ལྡུམ་ར་རྙིང་པ་སྒྱུར་བཀོད་ལེགས་གྲུབ་བྱུང་བ་དང་། གྲང་སྦྲེལ་ཟོག་འགྲེམས་ཀྱིས་སོས་པ་ཉར་ཚགས་དུས་ཡུན་ཟླ་བ་གཉིས་བར་རིང་དུ་བཏང་བ། དབུལ་ཐར་དུད་ཚང280ཡི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར8000འཕར་རྒྱུར་སྐུལ་ཁྲིད་བྱས་པ། རྒྱ་གྲོ་སོན་འདེབས་རྟེན་གཞི་མུའུ3400བར་རྒྱ་ཆེར་བཏང་བ་དང་། སྦྲང་མ་གསོ་སྤེལ་ཁྱུ9200ལ་ཟིན་པས། ཁྱད་ལྡན་ཞིང་ལས་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བའི“དཔལ་འབྱོར་འདེགས་སྐྱོར”ཞིག་ཏུ་གྱུར་པ་རེད།

འགྲིམ་འགྲུལ་ཤར་གཏོང་བྱས་ནས་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བསྐྲུན། འབའ་ཐང་རྫོང་གིས“སྒྲོམ་གཞི་བརྟན་དུ་གཏོང་བ་དང་། འགྲོ་ལམ་ཤར་གཏོང་ཐུབ་པ། དྲྭ་རྒྱ་ཁྱོན་ཡོངས་ལ་ཁྱབ་པ”བཅས་གཙོ་བོར་འཛིན་ནས་རྒྱལ་ལམ4218པ་གཡག་ཡེ་མྱུར་བགྲོད་གཞུང་ལམ་གྱི་ལི་ཐང་ནས་འབའ་ཐང་བར་གྱི་ལམ་དུམ་འཛུགས་སྐྲུན་ལ་ཤུགས་ཡོད་རྒུས་བསྐུལ་ནས་ཞིང་ཆེན་དང་ཁུལ་གཙོ་གཉེར་སྡེ་ཚན་དང་རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་ལ་ཤུགས་སྣོན་ནས་སྡེ་དར་མེ་འཁོར་བབས་ཚུགས་ནས་རྫོང་གྲོང་བར་གྱི་མྱུར་བགྲོད་རྒྱུ་ལམ་དངX144འབའ་ཐང་ནས་སྡེ་རོང་ལམ་ཐིག་སོགས་གྲོང་སྡེའི་གཞུང་ལམ་རིམ་སྤར་ལས་གྲྭས་འབའ་ཐང་ཀུན་སྤྱོད་གནམ་ཐང་གི་དུས་འགོའི་ལས་དོན་ལ་སྐུལ་འདེད་གང་མགྱོགས་བཏང་། “ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ“བཅས་ཀྱི་ལངས་གཟུགས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་བསྐྲུན་ནས་འབའ་ཐང་འགྲིམ་འགྲུལ“ས་མཚམས་སྒྲོལ་ས”ནས“ལྟེ་གནས”སུ་བསྒྱུར་བར་བསྐུལ་ཡོད། འབའ་ཐང་རྫོང་ཞིང་ལས་གྲོང་སྡེ་ཅུས་ཀྱི་ལས་དོན་མི་སྣ་ཡོན་ལིང་གིས“མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་ང་ཚོའི་ཀུ་ཤུ་དང་སྦྲང་རྩི་སྔར་བས་མགྱོགས་པོར་དབོར་ཐུབ་པར་མ་ཟད། ཡུལ་སྐོར་བ་ཡང་སྔར་ལས་མང་བས་འཚོ་བ་དེ་བས་སྐྱིད་པོ་ཡོང་ངེས་རེད”ཅེས་མང་ཚོགས་ཀྱིས་འགྲིམ་འགྲུལ་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་མཚོན་པར་བྱས།

གྲོང་ཡུལ་ལ་འགྱུར་ལྡོག་ཕྱིན་ནས་འཚོ་སྡོད་དང་ལས་རིགས་ལ་འཚམ་པའི་རི་མོ་གསར་པ་བཏོད།འབའ་ཐང་རྫོང་གིས“1+4+N”རྣམ་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་ལེགས་སུ་གཏོང་བའི་འདུ་འགོད་དམ་འཛིན་བྱས་ཏེ་བྱ་ཁྱུང་གྲོང་རྡལ་གྱི་ལྟེ་བའི་གྲོང་ཁུལ་སྟོབས་ཆེར་གཏོང་བ་དང་ཆུ་ནུབ་བར་ཁྱམས་ཁུལ་གསར་སྒྱུར་དང་འབའ་གཞས་ལམ་ཆེན་སྒྱུར་བཀོད་སོགས་ཀྱི་ལས་གྲྭར་བསྐུལ་ནས་མེ་ཟོན་རུ་ཁག་དང་རླངས་འཁོར་བབས་ཚུགས་རྙིང་པ་སོགས་ས་ཁུལ་གྱི་ཚོང་ཟོག་སྡོད་ཁང་དང་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་འགོ་ཁྱོན་ཡོངས་ནས་བཙུགས། གྲོང་སྡེ་འཛུགས་སྐྲུན་གྱིས“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་ལག་ལེན་གཏིང་ཟབ་བསྟར་བ་དང་། མུ་གཏོར་ཡུལ་ཤོག་ལང་སྔོ་གྲོང་སྡེ་སོགས་འཚོ་སྡོད་ལས་རིགས་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་མགྱོགས་མྱུར་བསྐྲུན། གྲོང་སྡེའི་གཞུང་ལམ་སྤུས་ཚད་ལེགས་སུ་གཏོང་བ་དང་། ཉེན་མེད་འཐུང་ཆུར་འགན་ལེན། གསང་སྤྱོད་གསར་བརྗེ་སོགས་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་དང་།མུ་གཏོར་ནས་བྱ་ཁྱུང་བར་གྱི་ཆུ་འདྲེན་ལས་གྲྭ་སོགས་སྤེལ་ཡོད།

ཉ་མགོ་གྲོང་སྡེར་བོད་ལུགས་ཀྱི་ཡུལ་མིའི་གནས་ཚང་དང་། གཙང་ཞིང་གྲལ་འགྲིག་པའི་གྲོང་སྡེའི་འགྲོ་ལམ། སྐྱེ་སྟོབས་དཔལ་འབར་བའི་སྒོ་རའི་དཔལ་འབྱོར་བཅས་ལས་མཐོ་སྒང་ཡུལ་སྡེ་དར་རྒྱས་ཀྱི་མཛེས་སྡུག་རྣམ་པ་མངོན་ཞིང་། ཡུལ་མི་ཚུལ་ཁྲིམས་ཀྱིས་སྔོ་ཚལ་དྲོད་ཁང་བསྐྲུན་རྗེས་ལོ་གཅིག་ལ་ཡོང་འབབ་སྒོར3000ཙམ་འཕར་བས། ས་ཆ་གྲུ་བཞི་མ་དེ་ཡོང་འབབ་འཕར་སར་གྱུར་ཡོད་ཅེས་བཤད།

སྐྱེ་ཁམས་སྲུང་སྐྱོང་བྱས་ནས་ལྗང་མདོག་འཕེལ་རྒྱས་ཡོང་བའི་རྨང་གཞི་བརྟན་སྲུང་བྱེད། འབའ་ཐང་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་བདེ་བླག་ངང་བཏོད་དེ་རྩྭ་ཐང་སླར་གསོ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར། མཚོ་ཕུའི་འདམ་ར་སྲུང་སྐྱོང་སོགས་སྐྱེ་ཁམས་སླར་གསོ་ལས་གྲྭའི་སྤྱི་འདོམས་ལ་བསྐུལ་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་མཁའ་རླུང་སྤུས་ཚད་ལེགས་ཚད་དང་།ནགས་རྩྭ་མེ་ཟོན་མ་ལག་རྒྱུན་མཐུད་ངང་ཤུགས་ཆེ་རུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་གི་བློ་རིག་ལྟ་སྐུལ་དོ་དམ་སྟེགས་བུ་མགྱོགས་མྱུར་བསྐྲུན་པ། ནགས་རྩྭ་ཐཱན་འདུས་གསར་སྤེལ་འཚོལ་ཞིབ་ཐད་གོམ་སྟབས་གསར་པ་སྤོས་པ། སྔོ་ལྗང་རི་ཆུ་བཅས་འབའ་ཐང་གི་འཕེལ་རྒྱས་མཚོན་རྟགས་མངོན་གསལ་དོད་ཤོས་སུ་གྱུར་ཡོད། འབའ་ཐང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཕང་ཁྲུའུ་ཡིས་སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་དུས་གཅིག་ཏུ་བསྐུལ་ནས་སྐྱེ་ཁམས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།

དམངས་འཚོའི་སྤུས་ཚད་ལེགས་སུ་བཏང་ནས་བདེ་སྐྱིད་ཀྱི་རྨང་གཞི་སྔར་བས་ཟབ་ཏུ་གཏོང་། འབའ་ཐང་རྫོང་གིས“ཁུལ་ཁོངས་ལྷོ་རྒྱུད་སློབ་གསོའི་ལྟེ་གནས་དང་སྨན་བཅོས་ལྟེ་གནས”འཛུགས་པའི་དམིགས་འབེན་ལ་གཞིགས་ཏེ་དམངས་འཚོའི་ཞན་ཆ་མུ་མཐུད་ཁ་གསབ་བྱས་ཡོད། སློབ་གསོའི་ཐད་ཕེང་ཁྲེང་དང་ཐུང་ཤིན་བྱིས་པ་ཁང་སོགས་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་རྒྱུན་ཆད་མེད་པར་མང་དུ་བཏང་བ་དང་། ཁམས་ལྷོ་མི་རིགས་མཐོ་འབྲིང་གནས་སྤོ་འཛུགས་སྐྲུན་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། “གྲགས་ཅན་དགེ་རྒན་ལས་འགོད”བཅས་ཀྱིས་གྲོང་ཡུལ་གྱི་བུ་ཕྲུག་རྣམས་ལ་སྤུས་ཚད་ལྡན་པའི་སློབ་གསོའི་ཁོར་ཡུག་མཁོ་སྤྲོད་བྱས་པ་དང་།གྲོང་སྡེའི་སྨན་བཅོས་ཐད་རྫོང་མི་དམངས་སྨན་ཁང“རིམ་གསུམ་ཁ་པ”གསར་སྐྲུན་དང་སྨན་བཅོས་ལག་རྩལ་ཐོག་ཁང་ཆེན་མོ་སྐྲུན་མགྱོགས་སུ་གཏོང་བ། རྫོང་རྩ་དང་མཚོ་ལ་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ལྟེ་གནས་ཕལ་བ་བསྐྱར་སྐྲུན་རྒྱས་སྐྲུན་དང་། དགེ་བསྙེན་སྐོར་ལམ་འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་བེད་སྤྱོད་གཏོང་ཉེར་ཡོད་པ། “ནད་གཞི་ཚབས་ཆེན་རྫོང་ཁོངས་ནས་ཕྱིར་སྨན་བཅོས་ལ་འགྲོ་མི་དགོས་པའི”རིམ་དབྱེ་སྨན་བཅོས་རྣམ་པ་མགྱོགས་མྱུར་ཆགས་པ། རྒན་གསོའི་ཐད་བྱ་ཁྱུང་དང་སྤོ་སྨད་སོགས་ཡུལ་གྲོང4ལ་རྒན་རྒོན་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་རྒྱུ་དང་སྐར་མ15ཡི་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱིས“རྒས་དུས་གསོ་མཁན་དང་བྱིས་དུས་སྐྱོང་མཁན་ཡོད་པའི”དོན་དངོས་སྒྲུབ་པ། བྱ་ཁྱུང་གྲོང་རྡལ་གྱི་ཡུལ་མི་སྒྲོལ་མ་ཡིས“ད་ཆར་ཁྱིམ་གྱི་སྒོ་འགྲམ་ནས་སློབ་གྲྭ་ཡག་པོར་ཞུགས་ཐུབ་པ་དང་སྨན་པ་ཡག་པོར་བསྟེན་ཐུབ་པས་འཚོ་བར་རེ་སྨོན་ཇེ་ཆེར་འགྲོ་བཞིན་ཡོད”ཅེས་དགའ་སྤྲོའི་ངང་དེ་ལྟར་བཤད།

བསྒྱུར་བཅོས་སྒོ་འབྱེད་ཀྱིས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད། འབའ་ཐང་རྫོང་གིས་སི་ཁྲོན་དང་ཡུན་ནན་དང་བོད་ལྗོངས་འབྲེལ་མཚམས་ཀྱི་སྒོ་དབྱེའི་མཉམ་ལས་སྔོན་སྐྱོད་ཁུལ་སྐྲུན་རྒྱུ་དམིགས་འབེན་དུ་བཟུང་ནས“ཨང་ཀི་འབའ་ཐང”འཛུགས་སྐྲུན་ལ་བསྐུལ་ནས་སྲིད་དོན་ཞབས་ཞུ“དྲྭ་གཅིག་ཀུན་སྒྲུབ”མངོན་འགྱུར་ཡོང་བ་དང་།ཁེ་ལས་ལ་རོགས་རམ་བྱས་ནས་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཤུགས་ཡོད་རྒུས་གཏོད་རྒྱུ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ནང་རང་འགུལ་ངང་ཞུགས་ཏེ་ཡུན་ནན་དང་བོད་ལྗོངས་ཀྱི་ཁྱིམ་མཚེས་རྫོང་བདུན་དང་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་སྐོར་ལམ་གཏོད་པ། ནུས་རྒྱུ་མཉམ་ལས། སྐྱེ་ཁམས་མཉམ་འགོག་སོགས་ཐད་ངོ་བོའི་རང་བཞིན་གྱི་ཚད་བརྒལ་འཚོལ་ཞིབ་བྱས་ཏེ་སི་ཁྲོན་དང་ཡུན་ནན།བོད་ལྗོངས་འབྲེལ་མཚམས་ཀྱི་ཚོང་དོན་ཟོག་འགྲེམས་ལྟེ་གནས་གལ་ཆེན་དང་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས་ཤུགས་ཡོད་རྒུས་བཏོན་ཡོད།2026ལོར་འབའ་ཐང་རྫོང་གིས་བྲིན་སྐུལ་བྱེད་སྒོ་རབ་དང་རིམ་པ་གཉེར་ནས་ས་གནས་དེ་གའི་གློག་རྡུལ་ཚོང་དོན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་བྱེད་ཚད་བརྟན་པོའི་ངང་འཕར་བར་བསྐུལ་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕར་རྒྱུ་ཡིན་པ་རེད།

བདེ་འཇགས་ཀྱི་རྨང་གཞི་བསྐྲུན་ནས་ཞི་མཐུན་བརྟན་ལྷིང་གི་ཁྱོན་ཡོངས་སྲུང་། འབའ་ཐང་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་གནད་དུ་བཟུང་ནས“ཙེ་ལི་སློབ་གྲྭའི”སློབ་གསོའི་རྟེན་གཞི་དང་འགྲིམ་འགྲུལ་དངོས་མང་སྟོན་ཁང་བསྐྲུན་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གཏོད་རྒྱུར་བརྩོན་ལེན་བྱས། མུ་གཏོར་ཡུལ་ཤོག་དང་སྡེ་དར་ཡུལ་ཤོག་སོགས་གཙོ་གནད་ས་ཁོངས་ཀྱི་ས་གཤིས་གནོད་འཚེ་ཕྱོགས་བསྡུས་བཅོས་སྐྱོང་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། རྫོང་རིམ་པའི་འཚུབ་བསྟུན་བཀོད་འདོམས་སྟེགས་བུ་ཆེན་པོ་དང་འཚུབ་བསྟུན་དངོས་ཟོག་གསོག་འཇོག་མཛོད་སྐྲུན་མགྱོགས་སུ་བཏང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་དང་བློ་རིག་ལྟ་སྐུལ་དོ་དམ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། ནག་ཚོགས་གཙང་སེལ་དང་ནག་ཚོགས་གཙང་སེལ་རྒྱུན་རྣམ་ཅན་དུ་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ།

ལས་གཞི་ནི་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པ་དང་།དངོས་སྒྲུབ་ནི་གནས་ལུགས་སྲ་ཤོས་ཡིན། འབའ་ཐང་རྫོང་གིས་གཙོ་གནད་ལས་གཞི389ཚང་མར་འགན་འཁྲིའི་ཚན་པ་དང་། མ་དངུལ་ཐབས་ལམ། ལེགས་སྒྲུབ་དུས་ཚད་བཅས་ཁ་གསལ་བཟོས་ནས་ནུས་རྒྱུ་གཙང་མ་ནས་ཁྱད་ལྡན་ཞིང་ལས་བར་དང་། འགྲིམ་འགྲུལ་ལྟེ་གནས་ནས་དམངས་འཚོའི་ལས་གྲྭའི་བར་ལས་གཞི་རེ་རེ་བཞིན་དོན་ཐོག་འཁྱོལ་ནས་འབའ་ཐང་དེང་རབས་ཅན་འཛུགས་སྐྲུན་གྱི“ལྕགས་རྩིབས་ཨར་འདམ”ཞིག་ཏུ་གྱུར་ཡོད། འབའ་ཐང་རྫོང་གི་རྫོང་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུའི“བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”གྱི་སྤྱིའི་བླང་བྱར་དམིགས་ནས“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི”བླང་བྱ་ལག་ལེན་བསྟར་ཏེ་ཤུགས་ཡོད་རྒུས་འཕེལ་རྒྱས་ཀྱི་འཆར་གཞི་དེ་མཐོང་ཐུབ་པ་དང་རེག་ཐུབ་པའི་དངོས་ཡོད་གྲུབ་འབྲས་སུ་བསྒྱུར་ཡོད། “ང་ཚོས་འགོ་འཛུགས་མ་ཐག་གདོང་མཆོང་དང་འགོ་འཛུགས་མ་ཐག་རྒྱལ་ཕམ་ཐག་གཅོད་ཀྱི་ངར་ཤུགས་ལ་བརྟེན་ནས་ལས་གཞི་སྔ་ཙམ་ལས་འགོ་འཛུགས་པ་དང་། སྔ་ཙམ་བསྐྲུན་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ལ་བསྐུལ་ནས་དོན་ཆེན་བདུན་དོན་འཁྱོལ་ཐུབ་པར་བྱས་ཏེ་འཕེལ་རྒྱས་ཁྲོད་མང་ཚོགས་ལ་དངོས་ཕན་དེ་བས་མང་བ་ཐོབ་པར་བྱ་རྒྱུ་ཡིན”ཞེས་རྫོང་དེའི་འགན་འཁུར་བ་གཙོ་བོས་དེ་ལྟར་བཤད།

འབའ་ཐང་རྫོང་གིས་དོན་ཆེན་བདུན་ལ་དམིགས་ནས་སྒོར་དུང་ཕྱུར373གྱི་ལས་གཞི་འདེགས་སྐྱོར་དུ་བྱས་ཏེ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི “བཞི་སྒྲུབ་བླང་བྱ”འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་། དངོས་སྒྲུབ་ཏན་ཏིག་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ་སི་ཁྲོན་དང་ཡུན་ནན།བོད་ལྗོངས་ཀྱི་འབྲེལ་མཚམས་ཁུལ་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ལེའུ་གསར་པ་བརྩམས་ནས་འབྲུ་ཆུའི་འགྲམ་རྒྱུད་ཀྱི་མཐོ་སྒང་གྲོང་ཁྱེར་ཆུང་ཆུང་དེར་སྔར་བས་འོད་སྟོང་འཕྲོ་བ་ཞིག་ཏུ་འགྱུར་བཞིན་ཡོད་དོ།།

( ཀུན་དགའ་བསམ་གཏན་གྱིས་བསྒྱུར།)