国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་བ་མོད་པའི་མཚན་མོ།

རྒྱང་ལ་ཅེར་ན་རྒྱང་གི་རི་བོ་དེ་མི་མཐོང་། །

མདུན་དུ་སོང་ནས་མདུན་གྱི་ལམ་བུ་ཡང་མི་རྙེད། །

ཤིན་ཏུ་མུན་པ་གཡོ་བའི་དོ་ནུབ་ཀྱི་མཚན་མོར། །

སྣང་བའི་མེ་ཏོག་ལྡེམ་པའི་དབྱར་གཞུང་དེ་དྲན་བྱུང་། །

འཁོར་བའི་ལན་ཆགས་ཞེས་པ་མིང་ཚིག་ཙམ་མིན་ཏེ། །

ལུས་སེམས་དུབ་པའི་སྣང་བ་བྱེད་པོ་རུ་གྱུར་འདུག །

ཚེ་ཡི་བུ་ལོན་ཟེར་བ་བཤད་སྒྲོས་ཙམ་མ་ཡིན། །

སྲོག་གི་རྨུ་ཐག་གཅོད་པའི་མཚོན་ཆ་རུ་གོ་ཡོང་། །

སེམས་ཀྱི་ཁྱུང་ཆེན་རྒོད་པོ་རྒྱང་མཐའ་རུ་ཕྱིན་སོང་། །

གདོས་བཅས་ལུས་ཀྱི་ཕུང་པོ་བྲག་ཐེམ་བཞིན་བོར་སོང་། །

གནམ་སྔོན་མི་ཟད་པས་ན་ཕྱིར་ལྡོག་རང་དབེན་པས། །

སེམས་འདི་རང་མལ་བཀུག་པའི་ཐབས་ཤེས་སུ་འབད་དོ། །

ཆར་པའི་ཤག་སྒྲ་ཁང་པའི་འགྲམ་ངོགས་སུ་གྲགས་ཡོང་། །

ཆུ་བོའི་བཞུར་དབྱངས་སྒེའུ་ཁུང་ནང་མིག་ནས་ཐོན་དུས། །

མལ་གྱི་རྨི་ལམ་མྱོང་བའི་སྣང་བརྙན་དེ་བཞག་ནས། །

རེ་བའི་འོང་སྣང་སྒུག་པའི་སུན་སྣང་དེ་འཆར་ཡོང་། །

གཡུ་ཡི་འབྲུག་ཆུང་མཁའ་ནས་ལྷང་ལྷང་དུ་དགོད་ཅིང་། །

སྤྲིན་པའི་གཙང་ཆབ་ས་ལ་ཤག་ཤག་ཏུ་བཏབ་པས། །

འཛིན་མའི་མེ་ཏོག་སྣ་ཚོགས་རྒྱས་བྱེད་དུ་གྱུར་ཀྱང་། །

སེམས་ཀྱི་འདབ་མ་གསོ་བའི་བདུད་རྩི་དེ་མ་རྙེད། །

ཆང་དཀར་ཧུབ་གང་བཏུང་ནས་སྐྱོ་བ་དེ་བསང་འདོད། །

དུ་རྐང་རེབ་གཅིག་བརྔུབས་ནས་སྨྲེང་བ་དེ་སེལ་འདོད། །

དབུགས་རིང་ལན་གཅིག་བྱས་ནས་སུན་སྣང་དེ་གཅོད་འདོད། །

སྙན་ངག་དུམ་གཅིག་བྲིས་ཏེ་ངལ་དུབ་དེ་སེལ་འདོད། །

མུན་པས་རི་ལུང་བརྒལ་ནས་མདུན་ས་རུ་ཅེར་དུས། །

སེམས་ཀྱི་འོད་སྣང་འཕྲལ་གྱིས་བཅོམ་ཚུལ་ལ་བསམ་ན། །

མི་བཟོད་སྐད་ངན་མཁའ་ལ་བསྒྲགས་པ་དེ་མེད་ཀྱང་། །

མི་འདོད་ཚིག་གི་མགུར་མ་སེམས་ངོགས་སུ་བརྡབས་ཡོད། །

༼ སྨྱུག་ཞེན། ༽