སྣ་མང་འཁོར་བའི་གཞིས་ཆུང་དུ།།
ཡིད་ཀྱི་ཟླ་བ་ཕེབས་ལགས་སམ།།
ངས་ནི་ཆར་ཞོད་ཆེན་པོའི་འོག།
ངག་སྙན་སེམས་ཀྱི་རིས་སུ་ཕབ།།
དྲན་གདུང་མཚོ་ཡི་རྦ་རླབས་ཀྱིས།།
མིག་ལ་བདུད་རྩི་སྟེར་དུས་སུ།།
མ་ངེས་སྒྱུ་མའི་རི་གཤོང་ནས།།
འདུན་པའི་སྣང་བ་འགོག་ཐབས་བྲལ།།
ཞེ་སྣང་རླུང་གིས་རྒྱང་ལ་ཁུར།།
འཚོ་བའི་མངར་ཁར་སྐྱུག་ལོག་བྱུང་།།
ཡིན་ཡང་ཐོགས་མེད་བག་ཆགས་ཀྱིས།།
རང་དབང་ཏིལ་ཙམ་མ་སྦྱིན་ཐལ།།
མིག་ཆུའི་གཙང་པོ་རྒྱུན་ཐག་རིང་།།
ཡིད་ཀྱི་དྲན་གདུང་ཧ་ཅང་མོད།།
གདོས་བཅས་འཁོར་བའི་འཇིག་རྟེན་ནས།།
ངག་གི་གླུ་དབྱངས་ཐོལ་བྱུང་དུ།།
ཕྱི་ཚུལ་ཉམས་སྒེག་རི་དྭགས་མིག།
ལྟ་བས་མི་ངོམ་ཡིད་འཕྲོག་གཟུགས།།
ལག་པས་འཇུ་བའི་བདེ་ཚོར་ཡང་།།
སྨྲ་བསམ་བརྗོད་ལས་འདས་པ་འདྲ།།
སྐྱེངས་པའི་གདོང་འབག་གྱོན་གྱོན་ནས།།
འོས་མེད་བྱ་བའི་ཉེས་པ་དག།
རང་གི་མི་ཚེའི་ལོ་རྒྱུས་ནང་།།
ནག་པོ་སྣག་གིས་ཤོག་དཀར་བརྫད།།
ཀུན་རྟོག་དབྱངས་ཀྱི་དྲིལ་ཆུང་གིས།།
མལ་གྱི་ལྷིང་འཇགས་དཀྲུགས་ཏེ་ཐལ།།
ཁེར་རྐྱང་མལ་ཁྲིའི་གཡས་ཟུར་ནས།།
སྙིང་སྡུག་བུ་མོར་ཞེ་རེ་འཁྲེང་།།
མཐོན་མཐིང་གནམ་གྱི་འོག་ཕྱོགས་ནས།།
མཚར་སྡུག་འཇའ་ཚོན་གཡོ་བའི་སར།།
དབང་མེད་སྙིང་ལ་སྡུག་པའི་ཁྱོད།།
ད་དུང་ཡུལ་ལ་མི་ཕེབས་སམ།།
༼ ཁམས་ཟླ་སྲས། ༽
