国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཕྱིར་རྟོག།

༼ སྒྲུང་ཐུང་ཡིག་བརྒྱ་མ། ༽

ཁོ་གཉིས་ལས་སུའི་ཁྱིམ་ཡིན་པ་མི་ཤེས་མོད། རྒྱབ་ཕྱོགས་ཀྱི་གྱང་ངོས་སུ“ཉེར་གཉིས་དུས་རབས་གསར་པ་འདིར།། འཛམ་གླིང་ཞི་བདེའི་དཔལ་འབར་ཤོག།”ཅེས་བོད་ཡིག་དབུ་མེད་སུག་རིང་གིས་བྲིས་པའི་སྦྱར་བྱང་མཛེས་པོ་ཞིག་མཐོང་། གངས་སླར་གསོན་གྱིས་མི་ལོ་དྲུག་ཅུའི་སྔོན་དུ་དཔར་བའི་དེབ་རྙིང་ཞིག་གི་ཁ་ཕྱེ་ནས་མིག་ཟུང་ཁོམ་ལོང་མེད་པར་ཀློག་གིན་འདུག། མཚམས་ཤིག་ཏུ་མིག་ཤེལ་ཡར་འདེད་ཙམ་གྱིས་གདོང་གཡས་སུ་ཕྱོགས་ཏེ་གྲོགས་པོ་གཡག་ལ། “ཉེ་ཆར་རིག་གནས་པའི་དཔུང་སྡེ་རུ་གླེང་བརྗོད་ཅུང་ཚ་འུར་ཅན་ཞིག་བྱེད་ཀྱིན་པའི་དོན་དག་དེར་གནས་ལུགས་ངེས་ཅན་ཞིག་འདུག་པར་སྙམ།”ཟེར། གཡག་གིས“གང་གི་ཕྱོགས་ཟེར་རམ། འཇིག་རྟེན་སྣ་ཚོགས་པར་ལབ་གླེང་སྣ་ཚོགས་པ་རེད། དྲྭ་ལམ་ནི་དེ་བས་ཀྱང་སྣ་ཚོགས་ཞེས་པའི་ཐ་སྙད་དེས་ཆེད་དུ་བཟོས་པ་དང་འདྲ་བོ་མི་འདུག་གམ”ཞེས་དོ་སྣང་དེ་ཙམ་མེད་ལ་ཀུ་རེ་འདྲེས་མའི་ཉམས་ཅན་ཞིག་ལབ་ནས་མིག་གི་རྒྱལ་མོ་གློག་ཀླད་ལས་མ་གཟུར་བར། མཛུབ་མོ་བཅུ་དང་ཕབ་གཞུང་འཕྲད་པའི་ཐག་སྒྲ་ཆད་དུ་མེད་པར་ཅི་ཞིག་གཏག་གིན་འདུག གངས་སླར་གསོན་གྱིས་སླར་དཔེ་དེབ་ངོར་ལྟ་ཞོར་དུ“གསེར་ས་འོག་ཏུ་ཡོད་ན། འོད་ནམ་མཁར་འཕྱུར་ཞེས་པའི་གཏམ་དཔེ་བཀོལ་གྱིན་པ་དེ”ཞེས་ལབ་པ་ན། གཡག་གི་མཉམ་འཇོག་གི་ནུས་པ་ཤར་རེར་གློག་ཀླད་ལས་གྲོགས་པོའི་སྐད་ཆའི་སྟེང་འཁོར། “འོ། དེ་ཟེར་རམ། དེ་ནི་དྲང་ཕྱོགས་ཀྱིས་ལབ་པ་ལྟར། སྐབས་དེའི་སྤྱི་ཚོགས་སུ་མི་རིགས་གང་དེའི་སྐད་ཡིག་གློ་བུར་ཛ་དྲག་གིས་ཉམས་སྒང་ཡིན་པས་སྐད་ཡིག་དེས་བྲིས་པའི་དཔེ་དེབ་ལ་དོ་སྣང་བྱེད་མཁན་མང་པོ་མེད་པས་ལན་ཁག་ཆེ་བ་དང་། རྩོམ་པ་པོ་ཕལ་མོ་ཆེས་རྩོམ་ཡིག་ནི‘རྩོམ་པ་པོ’ཞེས་པའི་མིང་སྐམ་དོན་གཉེར་དུ་བྲིས་པ་མིན་ལ། སོ་སོའི་རིག་གནས་ཀྱི་ཞེན་པ་རྐང་ལ་ཟུག་མཁན་རེ་ཟུང་གིས་བྲིས་པ་ཡིན་ངེས། དེ་དག་ལ་བློ་ཤིན་ཏུ་གཟུ་བོར་གནས་ཤིང་། དཔྱད་ཞིབ་ཀྱི་ཆུ་ཚད་ངེས་ཅན་ལྡན་མཁན་ཞིག་གིས་བརྩམས་ཆོས་དེའི་ཕྱི་ནང་བསློགས་པས་ན་ད་གཟོད་བདེན་དོན་གྱི་རྗེས་ཤུལ་རྙེད་པ་རེད།” “དེ་རེད། དེ་རེད། ད་ལྟ་འདས་ཟིན་པའི་ལོ་ངོ་བཅུ་ཕྲག་འགའི་སྔོན་གྱི་རང་རེའི་རྩོམ་རིག་གི་གནས་བབས་ལ་གཅིག་བལྟ་རྒྱུ་ན། གྲོང་ཁྱེར་གྱི་རྩོམ་པ་པོའི་མིང་ཅན་མང་པོ་ཞིག་ལ་པར་སྐྲུན་ཁང་དང་ཚོགས་སྡེ་སོགས་ཀྱི་དཔེ་སྐྲུན་འགྲེམ་སྤེལ་གྱི་ལས་གཞི་མང་པོ་ཐོབ་ཅིང་། འགྲོ་གྲོན་འབོར་ཆེན་གྱིས་རླུང་རྟ་དར་བར་བྱས་འདུག” “ཁོ་ཚོའི་རིགས་ཀྱི་རླུང་རྟ་དར་བར་བྱས་པས་གྲོང་ཁྱེར་དང་རྒྱང་ཅུང་རིང་ཞིང‘ཨ་མ་ནང་སྐོར’གྱི་གྲལ་ན་མེད་པའི་གཞི་རིམ་གྱི་རྩོམ་པ་པོ་མང་བོ་ཞིག་ལ་འཐོབ་འོས་པའི་སྐལ་བ་མང་དག་ཅིག་ཁོ་ཚོས་བཅད་ཅིང་། ‘ནང་སྐོར་ཆེན་པོའི’བྱིན་རླབས་ཀྱི་ཚན་ཁ་དེས། ཁོ་ཚོས་རང་ཉིད་དྲིལ་སྒྲོག་རྒྱ་ཆེར་བྱེད་པའི་མཐུན་རྐྱེན་དུ་གྱུར་བས་ན། བས་མཐའ་རུ་གནས་པའི་ཐེངས་འདིའི་གླེང་གཞིར་གྱུར་བའི་རྩོམ་པ་པོ་ཁོང་ལྟ་བུ་དག་གི་མི་དང་བརྩམས་ཆོས་གཉིས་ཆ་ནས་བག་ལ་ཞ་བར་བཏང་བ་རེད་འདུག་ཨང་།” “དཀར་ནག་གི་དབྱེ་བ་ནི་ནམ་ཡང་དུས་ཀྱིས་དང་བདེན་དོན་གྱིས་ལྷང་ལ་ཕུད་འོང་བ་ཞིག་རེད། དེ་ནི་གནས་ལུགས་རེད། རྒྱུ་འབྲས་རེད། གསེར་ས་འོག་ཏུ་ཡོད་ནའང་ནམ་ཞིག་འོད་ནམ་མཁར་འཕྱུར་འོང་བ་ཞིག་རེད་སྙམ།” “ཡ། དེས་ན་དེ་རིང་ངེད་གཉིས་ཀྱི་བསམ་ཚུལ་དང་ལྟ་ཕྱོགས་གཅིག་མཚུངས་སུ་གྱུར་བ་མ་ཡིན་ནམ། ནམ་རྒྱུན་བཞིན་ཁྱི་དང་ཞི་ལའི་ངང་ཚུལ་མ་བཟུང་བ་འདི་མཚར་ཨང་། ཧུ་ཧུ།” “གྲོགས་པོ་ལགས། ནམ་རྒྱུན་ངེད་གཉིས་ཀྱི་རྩོད་པ་དེ་རིགས་ནི། གཅིག་གི་བསམ་ཚུལ་གཅིག་གིས་ཁས་ཡེ་ནས་མི་ལེན་པ་དེ་རིགས་ག་ལ་ཡིན། གཙོ་བོ་རྩོད་པའི་ཁྲོད་ནས་སོ་སོར་ཤེས་རབ་གོང་འཕེལ་དུ་གཏོང་བ་དང་། མཐར་བདེན་དོན་ཞུན་ཐག་གཅོད་པ་སྟེ། བདེན་དོན་ལ་བདེན་དོན་དུ་ངོས་གསལ་པོའམ་བརྟན་པོ་ཞིག་ཟིན་ཆེད་མིན་ནམ། ཧུ་ཧུ།” “ཧ་ཧ། དེ་ལྟ་ཡིན་པར་སྨོན། དངོས་གནས་བཤད་ན་དྲང་བདེན་གྱི་གནས་ལུགས་རྐང་ལ་ཉར་བའི་རྩོམ་པ་པོ་སུ་དང་གང་ཡིན་ནའང་འཚོ་བཞུགས་ཀྱི་སྐབས་སུ་སོ་སོར་ཐོབ་སྐལ་ཆེན་པོ་མེད་པ་རྟོགས་ཡོད་ངེས་མོད། ཕྱི་མའི་དུས་ཤིག་ཏུ་དེར་འགྱུར་བ་ཐེབས་པའམ་རང་རང་གི་བརྩོན་པའི་འབྲས་བུ་ལ་དྲང་བདེན་གྱི་མིག་གིས་བལྟ་བའི་དུས་ཤིག་ཡོད་ཀྱང་སྲིད་སྙམ་བཞིན་ཕྱི་མར་བཞུད་འགྲོ་བ་ལས། རྩོམ་ཡིག་འབྲི་བའི་སྐབས་མིང་སྐམ་ལེན་པར་རྩོལ་བ་བྱེད་མི་སྲིད་པ་ཡིན་ས་རེད།”

སྐབས་དེར་འཕྲུལ་མིས། “གུང་ཟས་བཞེས་རན་སོང་བས། ཟས་སྟེགས་སུ་ཕེབས་པར་ཞུ། གུང་ཟས་བཞེས་རན་སོང་བས། ཟས་སྟེགས་སུ་ཕེབས་པར་ཞུ་”ཞེས་བརྡ་བཏང་བྱུང་བས་ཁོ་གཉིས་ཀྱི་ཁ་བརྡའི་མཚམས་རེ་ཞིག་བཅད་སོང་།

ཟ་མ་ཟ་ཞོར་དུ་ཁོ་གཉིས་ཀྱིས་དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་པར། འཛམ་གླིང་སྐད་ཡིག་ཞིབ་འཇུག་ཚོགས་པ་ཆེས་གྲགས་ཆེན་ཞིག་གིས། “ད་ལྟ་འཛམ་གླིང་ཡོངས་སུ་སྐད་ཡིག་གི་རིགས་ཆིག་སྟོང་བརྒྱ་མེད་དགུ་བཅུ་ཡས་མས་ཤིག་ཡོད་ཅིང་། དུས་རབས་འདིའི་སྨད་དུ་སྐད་ཡིག་དེ་དག་ལས་བརྒྱ་ཆའི་ལྔ་བཅུ་ནས་དྲུག་ཅུ་ཡས་མས་ཤིག་ཉམས་ནས་རྩ་མེད་དུ་འགྱུར་རྒྱུ་རེད”ཅེས་བཤད་པའི་གྲས་སུ་ང་ཚོའི་སྐད་ཡིག་མ་སོང་བ་འདི་ངོ་མཚར་ཆེ་ཚུལ་སོགས་ཀྱི་ཁ་བརྡ་ལབ་ཀྱིན་འདུག

༼ ཁང་གསར་ཚེ་དབང་རིག་འཛིན། ༽