国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྣང་བའི་སེམས་འགྱུ།

ཉི་མ་དབྱིངས་ནས་བོར་བའི་ས་སྲོས་ཀྱི་རྗེས་ཤུལ།།

གྲིབ་མ་ཁུག་པ་བཅོ་བརྒྱད་ར་མདའ་ལ་འབྱོར་དུས།།

ཁྱི་ལྡོམ་ངེས་མེད་ཀུ་ཅོ་ཡོ་ལང་གཅིག་བཏོན་ཏེ།།

སྨག་རུམ་མཚན་གཞུང་རིང་མོ་བསུ་མ་རང་གནང་བྱུང་།།

མཚོ་རླབས་རླུང་གིས་བདས་པའི་མཐོ་སྣང་ལ་ལྟ་ཚེ།།

ཟླ་འོད་གཉེར་རིས་འཁྱུག་འཁྱུག་ཞེ་སེམས་སུ་ལྷུངས་ནས།།

བས་མཐའི་མཚོ་ཁར་གཡེང་བའི་མིག་ཟུང་གི་བླ་འོག།

ཞི་ལྷོད་འོད་ཀྱི་ཉག་མས་འཚེར་འཚེར་དུ་མཛེས་ཡོང་།།

འདབ་ལྡན་ཚང་མར་བསྙེགས་པའི་མཐོང་སྣང་དག་མི་མོལ།།

ཞི་འཇགས་ལྷོད་ཀྱིས་འཚོ་གནས་གཞིས་ཀ་ལ་ལོག་འདོད།།

ཞེ་འཁྲེང་ན་བུན་ལང་ལོང་ཚུར་ཚུར་ལ་འཁོར་དུས།།

ལྦི་རག་ཤེལ་དམ་རེ་གཉིས་ཧྲོག་སྒྲའི་ངང་ལྷུངས་སོང་།།

ཉི་མའི་འཛུམ་ཞལ་མོག་པའི་ས་མཐའ་ཡི་སྟོན་མཇུག།

ལུས་སེམས་གྲང་བས་གཙེས་པའི་ཚོར་ཤེས་ཀྱི་རྫིང་ཁར།།

མ་བཅོས་ཚིག་རིས་ངང་མོ་རང་དགར་དུ་འཁྱོལ་དུས།།

ཚོར་བའི་རྣམ་ཤེས་སྦྲུམ་པའི་ཡིག་འབྲུ་འགའ་ལུས་འདུག།

ཁེར་མ་འཚོ་བས་གདུང་གནར་དབྱིངས་སྟོང་གི་ཟླ་བ།།

གཙང་ཆབ་ལྷམ་མེར་ལྟེམས་ངོགས་མིག་ཟུང་གིས་ཅེར་བས།།

མཚོ་རླབས་ཕྲེང་བ་རེ་རེས་གདུང་སེལ་གྱི་དོད་དུ།།

ཡོམ་ཡོམ་འཁྱུག་འཁྱུག་ལུས་ཀྱིས་གར་སྟབས་ངང་རྩེན་པ།།

གྱང་ལྡེབས་བཀལ་བའི་རིག་བྱེད་ངག་དབང་གི་ཐང་གར།།

དད་གསུམ་ཕྱག་གི་པད་མོ་སྙིང་ཁ་རུ་ཟིམ་པས།།

རེ་ཆད་ཡིད་མུག་སྨག་རུམ་སེམས་གཏིང་ནས་སེལ་སླད།།

བྱིན་རླབས་འོད་ཀྱི་འཁྱུག་གར་མིག་ཀོང་དུ་འཕྲོ་རོགས།།

མི་སེམས་ཞི་བའི་སྤྱིལ་བུར་མལ་ས་རུ་བསྟེན་ནས།།

ཚོགས་དྲུག་སྣང་བའི་འཇའ་གུར་རང་ཡལ་ངང་བུད་དུས།།

ཞི་ལྷོད་བག་ཕེབས་ངལ་སངས་སྟེགས་བུ་ནི་སོ་མ།།

ངལ་དུབ་ལུས་སེམས་གཉིས་ཀྱི་ཉེ་ས་རུ་མཆིས་འདུག།

༼ དབྱངས་ལྡེའུ། ༽