国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསང་འཕྲིན།

ལག་པ་འདི་ག་ལེར་ཕར་བསྲིངས་ན།

ཁྱོད་ལ་རེག་ཐུབ་མོད།

སྐད་ངག་དམའ་མོ་ཡིས་བོས་ན།

ཁྱོད་ཀྱིས་གོ་ཐུབ་པ་འདྲ།

བར་མཚམས་དེར།

གང་ནས་ལྡང་ཡོང་བ་མི་ཤེས་པའི་

རླུང་བུ་ཞིག་གིས།

ཁྱོད་ཀྱི་སྐྲ་ལོ།

སྣུམ་ཤིག་ཤིག་ངའི་མིག་མདུན་དུ་བསྐྱོད་ཅིང་།

རིང་ནས་འགུག་པའི་དྲི་ཞིམ་དེ།

ཏག་ཏག་ངའི་དྲི་འཛིན་དབང་པོར་སིམ།

དེ་དུས་ངའི་སྙིང་ཆུང་འདི་བར་མེད་དུ་གཡུག་བྱུང་།

ཡིན་ན་ཡང་།

ངོ་ཚའི་སྒྲོག་གིས་བཅིངས་པའི་

འུ་གཉིས་ཀྱི་ཞལ་སྒོ་འདི།

སྔར་བཞིན་ལྷིང་འཇགས་སུ་གནས་འདུག།

སྐབས་རེར།

དགྱེས་འཛུམ་ལྷུག་ལྷུག་གྲོལ་བའི་

ཁྱོད་ཀྱི་ཞལ་ངོ་ཕྱིར་འཁོར་ཐེངས་རེར།

དགའ་བ་དང་འཇིགས་སྣང་གི་ཚོར་འདུ་སྤེལ་མ།

ངའི་སེམས་ཀྱི་ཡོར་བར།

ཆུ་ལོག་དྲག་པོ་བཞིན་དུ་བརྒྱུགས།

དེ་དུས།

ངས་མིག་ཟུང་འདི་གང་ཞིག་བསྙེག་དགོས་

པའང་མི་དྲན།

དལ་ལྷོད་ལྷོད་ཀྱིས་བསྒྱུར་བའི་ཁྱོད་ཀྱི་གོམ་ཆུང་།

རླུང་བུ་བཞིན་ཡུན་རིང་ཞིག་ལ།

ངའི་ཡིད་ཀྱི་རྩྭ་ཐང་དུ་འཁོར་ཞིང་།

རླུང་བུ་བཞིན་སླར་ཡང་ཐག་རིང་ལ་བཞུད་སོང་།

དྲན་གདུང་གི་རྗེས་ཤུལ་སྐྱ་བོ་ཞིག་བཞག་ནས་བཞུད་སོང་།

༼ གློག་འོད། ༽