ཉེ་ཆར། 2025ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ཚན་བསྟར་གྱི་རིག་རྩལ་ཁྱུ་ཚོགས་གསར་པའི་མཐོ་རིམ་གཞོན་པའི་ལག་རྩལ་གོ་མིང་དཔྱད་བཤེར་གྲུབ་འབྲས་དངོས་སུ་བསྒྲགས་པ་དང་། ཞིང་ཆེན་ཡོངས་ཀྱི་སྒྱུ་རྩལ་མཁན12དཔྱད་བཤེར་ཐུབ་ཡོད། དེའི་ནང་དཀར་མཛེས་ཁུལ་གྱི་སྒྱུ་རྩལ་མཁན་འཇམ་དབྱངས་སྒྲོལ་མ་དང་འགྲུབ་འགྲུབ་བདེ་བླག་ངང་བདམས་ཐོན་བྱུང་ནས་འཁྲབ་སྟོན་པ་རིམ་པ་གཉིས་པ་དང་མཛེས་རྩལ་མཁས་ཅན་རིམ་པ་གཉིས་པའི་མཐོ་རིམ་གོ་མིང་ཐོབ་པ་རེད།
འཇམ་དབྱངས་སྒྲོལ་མས་ཐུན་མིན་གྱི་སྐད་ངག་ལ་བརྟེན་ནས་གླུ་གཞས་སྒྱུ་རྩལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་པར་གསལ་བའི་གླུ་གཞས་བཅུ་ཕྲག་ཁ་ཤས་གསར་གཏོད་བྱས། མོས་བླངས་པའི《ས་མཐར་བསྐྱོད་པ་》དང་《ནུབ་མཚོའི་མཛའ་གཞས》སོགས་གླུ་གཞས་གྲགས་ཅན་རྒྱལ་ཡོངས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཁོས་མི་རིགས་རིག་གནས་ཀྱི་ས་ཞིང་གཤིན་པོར་རྩ་བ་བཙུགས་ཤིང་སྲོལ་རྒྱུན་རོལ་དབྱངས་བརྒྱུད་འཛིན་དང་གསར་གཏོད་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་ལྡན་པའི་བརྩམས་ཆོས་ཕུལ་བྱུང་མང་པོ་གསར་དུ་བརྩམས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་པར་མ་ཟད། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སོགས་རྒྱལ་ཁབ་རིམ་པའི་གར་སྟེགས་སུ་བསྐྱོད་དེ་མི་རིགས་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་བསྐུལ་ཏེ་སི་ཁྲོན་གྱི་རིག་རྩལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད་བྱས་རྗེས་མང་པོ་བཞག་ཡོད།
འགྲུབ་འགྲུབ་ནི་དཀར་མཛེས་ཁུལ་ཐང་ག་སྒྱུ་རྩལ་བརྒྱུད་འཛིན་དང་གསར་གཏོད་ཀྱི་ཕུལ་བྱུང་འཐུས་ཚབ་ཡིན་ཞིང་། ཁོས་ཆུང་དུས་ནས་ཐང་ག་རི་མོའི་ལག་རྩལ་ལ་སྦྱོང་བརྩོན་ལྷོད་མེད་བྱས་ཤིང་། སྲོལ་རྒྱུན་ཐང་གའི་ལག་རྩལ་ལ་བྱང་ཆུབ་ཅིང་རིག་གནས་ཉིང་བཅུད་བླངས་ཏེ་དེང་རབས་ཀྱི་མཛེས་དཔྱོད་དང་དུས་རབས་ཀྱི་སྙིང་སྟོབས་ཟུང་དུ་སྦྲེལ་ནས་སྒྱུ་རྩལ་གྱི་ཁྱད་གཤིས་ཐུན་མོང་མ་ཡིན་པ་ཆགས་ཡོད། དེ་སྔར་ཀྲུང་གོ་དམངས་ཁྲོད་རིག་རྩལ་རི་སྐྱེས་མེ་ཏོག་སྐབས་བཅུ་གསུམ་པའི་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་རྒྱལ་ཡོངས་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་བཅུ་གསུམ་པར་བདམས་ཐོན་བྱུང་བར་མ་ཟད། ཀྲུང་གོ་མཛེས་རྩལ་ཁང་གིས་ཡུན་རིང་ཉར་ཚགས་བྱས་ནས་ཐང་ག་སྒྱུ་རྩལ་བརྒྱུད་འཛིན་དང་གསར་གཏོད། ཁྱབ་སྤེལ་བཅས་ལ་ངོ་མཚར་བའི་བྱས་རྗེས་བཞག་ཡོད།
ད་ཐེངས་ཀྱི་དཔྱད་བཤེར་ནི་སི་ཁྲོན་ཞིང་ཆེན་གྱིས་གོ་མིང་ལམ་ལུགས་བཅོས་བསྒྱུར་ཟབ་ཏུ་གཏོང་བ་དང་སྒྲིག་གཞིའི་འགལ་རྐྱེན་གཏོར་བའི་བྱ་ཐབས་ཤིག་ཡིན། དྲྭ་རྒྱ་རྩོམ་པ་པོ་དང་རང་མོས་མཛེས་རྩལ་ལས་དོན་པ། འཁྲབ་སྟོན་པ་དང་གླུ་བ་གླུ་མ་སོགས་རིག་རྩལ་ཁྱུ་ཚོགས་གསར་པའི་གོ་མིང་དཔྱད་བཤེར་གཏན་འབེབས་ཀྱི་ལམ་བུ་ཐོག་མ་བཏོད་དེ། སྒྲིག་གཞི་ཁོངས་སུ་མི་ཚུད་པའི་རིག་རྩལ་ལས་དོན་པར་ཆེད་ལས་ལག་རྩལ་ཆུ་ཚད་ཀྱི་དཔང་གཅོད་དབང་གྲགས་ཐོབ་ནས་རིག་རྩལ་གསར་པའི་ཁྱུ་ཚོགས་ལས་རིགས་འཕེལ་རྒྱས་དང་རྣམ་གྲངས་རེ་ཞུ། ཤེས་ལྡན་མི་སྣ་དཔྱད་བཤེར་དུ་ཞུགས་རྒྱུ་སོགས་ལ་སྟེགས་བུ་བསྐྲུན་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
