国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་གཏེར་ལས་དབང་ཆ་བཤུག་ནས་དུས་ཚིགས་ དང་པོར་ཡོང་འབབ་སྒོར་དུང་ཕྱུར6.38ལ་ཟིན་ཡོད།

ཉེ་ཆར།གསར་འགོད་པས་ཁུལ་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2026ལོའི་དུས་ཚིགས་དང་པོར་རང་ཁུལ་གྱི་གཏེར་ལས་དབང་ཆ་བཤུག་པའི་ལས་དོན་ཐད་གཏམ་བཟང་བསྒྲགས་ཏེ། ཁུལ་ཡོངས་ཀྱི་གཏེར་ལས་དབང་ཆ་བཤུག་པའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར6.38ཟིན་ཞིང་།དེ2025ལོའི་ལོ་ཧྲིལ་པོའི་སྒོར་དུང་ཕྱུར2.82ཀྱི་ལྡབ2.26ཡིན་པས་མཆོང་བརྒལ་ལྟ་བུའི་འཕར་སྣོན་བྱུང་བ་དང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་དུས་ཚིགས་དང་པོར་འགོ་ཡག་པོ་འཛུགས་ཐུབ་ཡོད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཐོན་ཁུངས་འགན་ལེན་བརྟན་པོ་དང་ནོར་ཤུགས་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་འདིར་གཏེར་ལས་དབང་ཆ་བཤུག་པ་དེ་རང་ཁུལ་གྱི་གཏེར་ཁའི་ཐོན་ཁུངས་ཁྱད་པར་ཅན་ལ་དམིགས་པ་དང་།གཏེར་ཁའི་རིགས་གཙོ་བོ་ལིས་གཏེར་དང་། གསེར་གཏེར། རྡོ་ཀ་མ་རུ་དང་ཟངས་གཏེར་སོགས་ཡིན་པས། ཚོང་རའི་ཁས་ལེན་ཐོབ་ཚད་མཐོ་བ་དང་རྡེག་འཚོང་ཁོར་ཡུག་འཁྲུག་པོ་བཅས་གཏེར་ཁའི་ཐོན་ཁུངས་ཀྱི་རིན་ཐང་གང་ལེགས་མངོན་པ་རེད། དེའི་ནང་ཟླ་དང་པོར་རོང་བྲག་རྫོང་ཧྲུའེ་ཏ་ལུང་པའི་རྡོ་ཀ་མ་རུ་རྩད་ཞིབ་དང་གཏེར་ཁ་འཚོལ་ཞིབ་བྱེད་དབང་དེ་དུས་ཚིགས་དང་པོའི་བཤུག་གོང་ཡག་ཤོས་ཡིན་ཞིང་།གཏེར་དབང་དེའི་ཐོག་མའི་རིན་གོང་སྒོར་ཁྲི40.8ཡིན་པ་དང་།རིན་གོང་འགྲན་རྩོད་ཐེངས་མང་བྱས་པ་བརྒྱུད་མཐར་སྒོར་དུང་ཕྱུར1.65ལ་འཕར་བ་དང་རིན་གོང་ལྡབ400ལྷག་འཕར་བས་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་རང་ཁུལ་གྱི་གཏེར་རྫས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་མདུན་ལམ་ལ་ཚད་མཐོའི་ཁས་ལེན་དང་རང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལ་ཡིད་ཆེས་ཚད་མཐོན་པོ་བྱེད་པ་གང་ལེགས་མཚོན་ཡོད།

སླད་ཕྱིན་ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་མ་ལག་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འཆར་འགོད་ལ་ཚད་གཞི་ནན་པོ་འཛིན་པ་དང་།ཁུལ་རིམ་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གཏེར་ཁའི་ཐོན་ཁུངས་ཀྱི་སྤྱིའི་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་། རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་ཁུལ་རིམ་པའི་ས་གཤིས་རྩད་ཞིབ་ལས་གཞི་མཛོད་དང་བཤུག་གསོག་འཇོག་མཛོད་བཙུགས་ནས་དུས་འགོའི་ལས་དོན་སྔ་སྣུར་དུ་སྤེལ་བ་དང་། “ཁག་གཅིག་བཞི”ཡི་འཁོར་རྒྱུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། “ལས་གཞི་གཅིག་ལ་ཞིབ་འཇུག་བརྡར་གཅོད་གཅིག”གི་ཉེན་ཁ་གྲལ་བཤེར་ལག་ལེན་བསྟར་ནས་བཤུག་གཏོང་ཁེ་བཟང་ཐད་སླར་ཡང་ཟིན་ཐོ་གསར་པ་གཏོད་གང་ཐུབ་བྱ་དགོས། “དབང་དཔང་ལོགས་འབྱེད”ཀྱི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། བཤུག་པའི་བརྒྱུད་རིམ་ལེགས་སུ་གཏོང་བ། ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། དོ་དམ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོང་བ། ཕུགས་རིང་ལ་བལྟས་ན། རང་ཁུལ་གྱིས་འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཏེ་གར་རྒྱས་ཁའི་རྒྱལ་ཁབ་རིམ་པའི་ནུས་རྒྱུ་ཐོན་ཁུངས་རྟེན་གཞི་གཙོར་བྱས་ནས་ལེགས་ཆ་ལྡན་པའི་གཏེར་ཁ་དང་ཚན་ཞིབ་ལས་སྟེགས་ལ་བརྟེན་ནས་ཁྱད་ཆོས་དོད་པའི་རྩད་ཞིབ་གསར་སྤེལ་གྱི་རྣམ་པ་གཏོད་རྒྱུ་དང་། སྐྱེ་ཁམས་སྔོན་སྤེལ་དང་འབག་མེད་འཕེལ་རྒྱས་རྒྱུན་འཁྱོངས་ཏེ་འབག་མེད་གཏེར་རི་འཛུགས་སྐྲུན་ལ་སྐུལ་ཞིང་། གསར་སྤེལ་དང་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། ཞིབ་མཆན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྡེ་ཚན་དང་ཁུལ། རྫོང་བར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་པ། ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་གཏེར་ལས་དཔལ་འབྱོར་སྤུས་ཚད་མཐོན་པོ་སྒོས་རྒྱུན་སྲིང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་རྒྱུ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)