国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་གིས་རྩལ་ནུས་དང་ལས་གནས་ སྦྲེལ་བའི་གསོ་སྦྱོང་སྤེལ།

6366_02B_20260410གསོ་སྦྱོང་སློབ་མས་གཡོས་སྦྱོར་སྦྱོང་བཞིན་པ།

ཉེ་ཆར་ལི་ཐང་རྫོང་གིས་རྫོང་གྲོང་གི་གཞན་ཡུལ་གནས་སྤོའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ“གསོ་སྦྱོང་མཇུག་འགྲིལ་དང་ལས་གནས་སྒོ་འགྲམ་དུ་སྐྱེལ་བའི་བྱེད་སྒོ་སྤེལ།

སློབ་མ་རིག་འཛིན་མཚོས་རང་ཉིད་ཀྱིས་བཟོས་མ་ཐག་པའི་ཚལ་ལ་ལྟ་ཞོར་ངས་རྒྱུན་ཚལ་ལས་ཤེས་པ་ལས་ཉ་དམར་བསྲེས་དང་བྱ་ཤ་ཁ་ཚ་སོགས་བཟོ་ཤེས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད།

མོ་ནི་ད་ཐེངས་ཀྱི་ཀྲུང་ལུགས་གཡོས་སྦྱོར་གསོ་སྦྱོང་འཛིན་གྲྭའི་སློབ་མ152ཀྱི་གྲས་ཤིག་ཡིན་ཞིང་།ཉིན10ཡི་གོང་རྒྱུན་ཚལ་ལས་ཤེས་པ་ཙམ་ལས་ཟ་མ་གཞན་གང་ཡང་ལས་མི་ཤེས་ཤིང་། དགེ་རྒན་གྱི་མཛུབ་ཁྲིད་འོག་མོས་གོ་རིམ་ལྡན་པའི་སྒོས་ཁྲོན་ཚལ་ལག་རྩལ་དང་། མེ་ཚད་ཚོད་འཛིན། བྲོ་བཟོའི་ལག་རྩལ། ཐ་ན་གསོལ་སྟོན་ཇུས་འགོད་བཅས་ཡག་པོ་སྦྱངས་པ་རེད།

སློབ་མཇུག་བསྒྲིལ་བའི་དངོས་སྦྱོང་བྱ་ཡུལ་དུ་མོས་བཟོས་པའི་ཉ་དམར་བསྲེས་སོགས་ཟ་མར་དགེ་རྒན་གྱིས་ཀྱང་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས། རིག་འཛིན་མཚོས་ངས་ཕྱིར་ལོག་རྗེས་ཡུལ་ཤོག་ཏུ་ཟ་ཁང་ཆུང་ཆུང་ཞིག་བཙུགས་ནས་ཡུལ་མི་ཚོར་སྒོ་ཁ་ནས་ཟ་མ་ཞིམ་པོ་ཟ་ཐུབ་པར་བྱ་རྩིས་ཡོད་ཅེས་བཤད།

མོ་དང་འཛིན་གྲྭ་གཅིག་པའི་སློབ་མ151གིས“ཟ་མ་བཟོ་ཤེས་པ”ནས“གཡོས་སྦྱོར་ཤེས་པའི”བར་འགྱུར་ལྡོག་བྱུང་ཡོད། ཁོ་ཚོས་ཚལ་རིགས་ལེགས་པོའི་བཟོ་སྟངས་ཤེས་པར་མ་ཟད།དེ་བས་གལ་ཆེ་བ་ཞིག་ནི་ཚོང་ཁང་གཉེར་ཆོག་པ་དང་ལས་ཞུགས་ཐུབ་པའི་འཇོན་ཐང་ཆེན་པོ་ཞིག་ཁོང་དུ་ཆུད་པ་དེ་རེད།

ཞིང་ལས་ལག་རྩལ་པའི་གསོ་སྦྱོང་འཛིན་གྲྭའི་སློབ་ཁང་དེ་ཇོ་བོ་གྲོང་རྡལ་གྱི་ཞིང་ཁར་བཙུགས་ཏེ། སློབ་མ50ཡིས་ཞིང་ལས་ལག་རྩལ་ཆེད་རམས་པའི་མཐའ་བསྐོར་ནས་ཉན་ཞོར་དུ་སྐད་ཆ་དྲིས་པ་དང་། ནད་འབུའི་གནོད་འཚེ་འགོག་ཟོན་དང་ཆུ་གྲོན་ཆུང་ངང་ཞིང་ཆུ་འདྲེན་པའི་ཤེས་བྱ་སོགས་རེ་རེ་ནས་ཁ་པར་ནང་ཟིན་ཐོ་འགོད་བཞིན་འདུག།

སློབ་མ་ཚེ་རིང་ཆོས་སྐྱིད་ཀྱིས་སྔོན་མར་སྔོ་ཚལ་འདེབས་སྐབས་ཉམས་མྱོང་ལ་བརྟེན་པ་དང་ཐོན་ཚད་ཡག་པོ་ཡོད་མེད་གནམ་སྔོན་པོའི་བསྐོ་བཞག་ལ་རག་ལས་ཡོད།དེང་སང་དགེ་རྒན་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱེད་ཐབས་སྦྱངས་རྗེས་གཞི་ནས་ལུད་རྒྱག་པ་དང་ཆུ་ཁྲིད་པ་སོགས་ཤེས་བྱ་མང་པོ་ཞིག་ཤེས་སོང་ཞེས་བཤད།

“ཞིང་ཁའི་སློབ་ཚན”དེ་རིགས་ལས་ཞིང་འབྲོག་མང་ཚོགས་ཀྱིས་དེང་རབས་ཞིང་ལས་ལག་རྩལ་ཁོང་དུ་ཆུད་པར་མ་ཟད། ས་ཞིང་འདེབས་རྨོད་དེའང་ལག་རྩལ་ལས་ཀ་ཞིག་ཡིན་པར་དེ་བས་ཤེས་རྟོགས་ཟབ་མོ་ཐེབས་ཡོད།

སློབ་མ48ཡོད་པའི་འཚེམ་བཟོ་གསོ་སྦྱོང་འཛིན་གྲྭས་ཁྱིམ་ཚང་ལ་ལྟ་རྟོག་བྱེད་དགོས་པ་དང་ཕྱི་རུ་ལས་ཀར་འགྲོ་མི་ཐུབ་པའི་ངལ་རྩོལ་ནུས་ཤུགས་དེ་དག་གི་དགོས་མཁོ་སྐོང་བཞིན་ཡོད་པ་སྟེ། འཚེམ་བཟོའི་རྨང་གཞི་གཏན་ནས་མེད་པ་དག་གིས་དུས་ཡུན་ཉིན10ཡི་རིང་ལ་བོད་བཟོའི་བྱིས་པའི་སྟོད་གོས་དང་སྲོལ་རྒྱུན་བོད་ཆས་སོགས་འཚེམ་ཤེས་པར་བྱུང་ཡོད།

སློབ་མ་བཀྲ་ཤིས་ལྷ་སྒྲོན་གྱིས“འཚེམ་བཟོ་ཤེས་པ་དང་ཁྱིམ་དུ་རྒྱུ་ཆ་ལས་སྣོན་གྱི་ལས་ཀ་བྱས་ཚེ་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་པར་མ་ཟད། ཡོང་འབབ་ཀྱང་འཕར་ཐུབ”ཅེས་རང་ཉིད་ཀྱིས་བཟོས་པའི་བོད་ལྭ་ལེགས་སྒྲིག་བྱེད་ཞོར་དེ་ལྟར་བཤད།

གསོ་སྦྱོང་མཇུག་སྒྲིལ་ཡང་དེ་ནི་ལས་ཞུགས་ཀྱི་འགོ་འཛུགས་པ་ཡིན་ཞིང་།ལི་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ནས“གསོ་སྦྱོང་མཇུག་འགྲིལ་རྗེས་ལས་གནས་སུ་སྐྱེལ་བ་དང་ལས་ཞུགས་རོགས་སྐྱོར་གྲོང་སྡེར་སྤེལ་བའི”གདན་ཞུའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་ཡོད།ཡུལ་དངོས་སུ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཆན་ཐང་ཆུས་དང་། ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས། ཅིན་ཐང་རྫོང་བཅས་དང་དེ་བཞིན་རྫོང་ཕྱི་ནང་གི་མི་སྤྱོད་སྡེ་ཚན23གྱིས་མ་བྱན་དང་། ཟ་ཁང་གི་ཞབས་ཞུ་བ། ཁ་ལག་སྐྱེལ་མཁན། ཁྱིམ་ལས་ཞབས་ཞུ་བ་སོགས་ལས་གནས350བསྐོ་གཞག་བྱས་ཡོད།

ལི་ཐང་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་འགན་འཁུར་བས་ཕྱིན་ཆད་ལས་ཞུགས་འདོད་མོས་ཡོད་པའི་སློབ་མར་རྗེས་འདེད་འཚམས་འདྲི་བྱས་ནས་གནས་སྐབས་ལས་ཞུགས་མེད་པའི་སློབ་མའི་དགོས་མཁོ་རྒྱུན་མཐུད་ངང་འཚོལ་ཞིབ་བྱ་རྒྱུ་དང་།གནད་ལ་འཁེལ་བའི་སྒོ་ནས་ལས་གནས་འདོན་སྤྲོད་བྱ་རྒྱུ་དང་དུས་མཚུངས་སུ་ཡུལ་ཤོག(གྲོང་རྡལ)ཁག་དང་མཉམ་འབྲེལ་གྱིས་རྩལ་ནུས་གསོ་སྦྱོང་དང་ལས་གནས་སྦྲེལ་མཐུད་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ཏེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ཀྱི་དགོས་མཁོ་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།

( ཀུན་དགས་བསྒྱུར།)