国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཤེས་ལྡན་མི་སྣའི་ཚན་རྩལ་ ཁྱབ་གདལ་སྦྱོང་བརྡར་བྱས།

སྤྱི་ཟླ4པའི་ཚེས5ཉིན། མཐོ་སྒང་གི་ཕུགས་འདུན་བསྐྲུན།། ཤེས་རབ་ཀྱིས་མ་འོངས་བཏོད་ཅེས་པའི་དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣ་ཕུལ་བྱུང་གི་ཚན་རྩལ་ཁྱབ་གདལ་སྦྱོང་བརྡར་སྒར་སི་ཁྲོན་མི་རིགས་སློབ་གླིང་དུ་གྲོལ་བ་རེད། དར་མདོ་གྲོང་ཁྱེར་གུར་དྲག་ཡུག་སྦྲེལ་ཞག་སྡོད་ལམ་ལུགས་སློབ་ཆུང་སོགས་སློབ་གྲྭ་ཁག་གི་གཞོན་ནུ་ལོ་ཆུང་སུམ་ཅུ་ལྷག་གིས་དུས་ཐུང་ཉིན་གཉིས་ཀྱི་ནང་དུ། ཚན་རྩལ་གྱི་རྨང་གཞི་མེད་པ་ནས་ལད་མོའི་འགྲན་སྡུར་བར་མཆོང་སྐྱོད་ལེགས་གྲུབ་བྱུང་ཡོད། སི་ཁྲོན་མི་རིགས་སློབ་གླིང་གི་རིག་ནུས་ཚན་རྩལ་སློབ་གླིང་དང་མིས་བཟོས་རིག་ནུས་ཚན་རྩལ་ཁྱབ་གདལ་རྟེན་གཞི་སོགས་ཀྱི་སྡེ་ཁག་གིས་སྒྲིག་འཛུགས་བྱས་པའི་གཅིག་བསྡུས་སྦྱོང་བརྡར་དེས་མཐོ་སྒང་གི་བུ་ཕྲུག་ལ་འཕྲུལ་མི་འགྲན་སྡུར་གྱི་སྒོ་མོ་ཕྱེ་བར་མ་ཟད། རང་ཁུལ་གྱིས་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་རྒྱུད་རིམ་ལྡན་པའི་ངང་གསོ་སྐྱོང་བྱེད་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་ཡང་མཚོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྦྱོང་བརྡར་སྒར་གྱིས་འཛམ་གླིང་འཕྲུལ་མིའི་འགྲན་སྡུར་ཆེན་མོའི《གཟའ་སྐར་བར་གྱི་ལམ་ནོར།》ལས་གཞི་ལ་དམིགས་ནས "སྒྲིག་སྲོལ་འགྲེལ་བཤད་དང་། ལས་གཞི་དབྱེ་བརྒལ། ཕྱོགས་བསྡུས་དངོས་འཐབ། ལད་མོའི་འགྲན་སྡུར"གྱི་རིམ་སྤོར་བྱེད་སྟངས་སྤྱད་པ་རེད། སློབ་མ་ཚོས་ཆེས་རྨང་གཞིའི་རི་མོ་ཅན་གྱི་བྱ་རིམ་བསྒྲིགས་པ་ནས་འགོ་བརྩམས་ཏེ་ལས་གཞི་ཅན་གྱི་སློབ་སྦྱོང་ཁྲོད་རིམ་བཞིན་འཕྲུལ་མིའི་འཛུགས་སྐྲུན་དང་། ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་བཀོལ་སྤྱོད་དང་ཐབས་ཇུས་ཇུས་འགོད་ཁོང་དུ་ཆུད་པར་བྱས། དུས་ཐུང་ཉིན་གཉིས་ནང་ཆ་རྒྱུས་མེད་པ་ནས་བཀོལ་སྤྱོད་བྱང་ཆུབ་པར་གྱུར་ཡོད། དར་མདོ་གྲོང་ཁྱེར་གུར་དྲག་ཡུག་སྦྲེལ་ཞག་སྡོད་ལམ་ལུགས་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ལི་ཀྲི་ཤོན་གྱིས་སྒར་ཁར་འགྲེམ་སྟོན་བྱེད་སྐབས་བཤད་རྒྱུར།"ང་དུས་རྒྱུན་ཁྱིམ་དུ་ལག་པས་ཅ་ལག་ཆུང་ཆུང་ཁ་ཤས་བཟོ་རྒྱུར་དགའ་པོ་ཡོད་ལ། རྩིས་འཕྲུལ་ལའང་ཧ་ཅང་དགའ་པོ་ཡོད་པས་སློབ་གྲྭས་བྱེད་སྒོ་འདིའི་བརྡ་ཐོ་བཏང་མ་ཐག་ངས་མིང་ཐོ་བཀོད་ནས་ཞུགས་པ་ཡིན། སྔོན་ཆད་དྲྭ་ཐོག་ནས་འཕྲུལ་མིའི་འགྲན་སྡུར་ཧ་ཅང་རྫིག་པོ་ཡོད་པ་མཐོང་མྱོང་ཡང་དེ་རིང་སློབ་སྦྱོང་བྱེད་ཐུབ་པར་བརྟེན་ངས་ཚོད་ལྟ་བྱེད་འདོད་ཆེན་པོ་ཡོད་པས་རང་ཉིད་ཀྱིས་ཕྱིས་སུ་འགྲན་སྡུར་ཁྲོད་བྱ་དགའ་ལེན་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད"ཅེས་བཤད་པ་རེད།

ལི་ཀྲི་ཤོན་དང་འདྲ་བར་བྱིས་པ་མང་པོ་ཞིག་གིས་ཚན་རྩལ་སྐོར་གྱི་རྨང་གཞི་མེད་པ་ནས་འགོ་བཙུགས་ཏེ་མཐར་ལད་མོའི་འགྲན་སྡུར་ནང་ཚོ་ཆུང་མང་པོ་ཞིག་གིས་སྐར་ཆ150ནང་གཏན་འཁེལ་གྱི་ལས་འགན་ཚང་མ་ལེགས་གྲུབ་བྱུང་བ་དང་། དཔུང་ཁག་ཁག་གཅིག་གིས་ད་དུང་རང་འགུལ་ངང་ལྐོག་གྱུར་གྱི་ལས་འགན་གྱི་ཐབས་ཇུས་ཇུས་འགོད་ཚོད་ལྟ་བྱས་པ་སོགས་ཀྱིས་སློབ་མ་ཚོར་རྩལ་ནུས་ཐོབ་པར་མ་ཟད། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་པའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད།།

( ཨོ་རྒྱན་གྱིས་བསྒྱུར།)