国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབའ་ཐང་རྫོང་འབའ་གཞས་སློབ་ཆུང་གིས་ཀུན་སྤྱོད་ སློབ་གསོ་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད།

ཉེ་ཆར། འབའ་ཐང་རྫོང་འབའ་གཞས་སློབ་ཆུང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་གཙོ་དོན་དུ་བྱས་པའི་གཅེས་སེམས་འོས་འཚོང་བྱེད་སྒོ་ཞིག་སྤེལ་བ་རེད། སློབ་གྲྭ་ཡོངས་ཀྱི་ལོ་རིམ་ཁག་གིས་གཙོ་དོན་ལ་དམ་པོར་དམིགས་ནས་ཁྱད་ཆོས་ཡོད་པའི་ཚོང་བཤམས་ས་ཞིབ་ཚགས་བཟོས་ཤིང་། འབའ་གཞས་རིག་གནས་དང་གཅེས་སེམས་སྤྱི་ཕན་མཉམ་འདྲེས་བྱས་ཏེ་ཕྲུ་གུ་ཚོར་ལག་ལེན་གྱི་མྱོང་རོལ་ཁྲོད་ལོངས་སྤྱོད་དང་གཏོང་ཕོད་ཀྱི་སྤྲོ་སྣང་རོལ་དུ་བཅུག་པ་རེད།

ཐེངས་འདིའི་གཅེས་སེམས་འོས་འཚོང་བྱེད་སྒོར་ལོ་རིམ་ཚན་པ་བགོས་ནས་སོ་སོའི་བཟང་ཆ་འགྲེམས་སྟོན་བྱས་སུ་བཅུག་སྟེ། བྱིས་པའི་རྩེད་ཆས་ཁང་དང་དཔེ་ཀློག་གིས་བྱིས་སེམས་གསོ་བ། མཐོ་སྒང་ཟས་རིགས་ཚོང་ཁང་ཆུང་ངུ་། འབའ་གཞས་རིག་གནས་གསར་གཏོད་ཁང་། བོད་ཟས་ཁང་། གསར་གཏོད་ལག་ཤེས་བཟོ་ཁང་ཆུང་ངུ་སོགས་གསར་གཏོད་ཀྱི་གཙོ་དོན་མང་པོར་ཕྱེ་ཡོད་པ་རེད། དགེ་རྒན་ཚོ་ཡང་བྱེད་སྒོའི་ཁྲོད་ཞུགས་ནས་བརྩེ་སེམས་ཟབ་མོས་རོགས་རམ་བྱས་ཏེ་སློབ་མ་ཚོ་དང་མཉམ་དུ་གཏོང་ཕོད་ཀྱི་སྤྲོ་སྣང་མྱོང་རོལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གཅེས་སེམས་འོས་འཚོང་བྱེད་སྒོ་ལས་ཐོབ་བའི་ཡོང་འབབ་ཚང་མ་སློབ་གྲྭའི་གཅེས་སེམས་ཐེབས་རྩའི་ནང་བཅུག་ནས་སློབ་གྲྭའི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་དང་། སློབ་གྲྭའི་སྤྱི་ཕན་ལས་གཞི་སྤེལ་རྒྱུར་ཆེད་དུ་སྤྱད་རྒྱུ་རེད། བྱེད་སྒོ་དེས་ཕྲུ་གུ་ཚོའི་འབྲེལ་གཏུག་ནུས་པ་དང་ལག་ལེན་ནུས་པ་སྦྱོང་བརྡར་བྱེད་པའི་སྟེགས་བུ་ཞིག་བཏོད་པར་མ་ཟད། ཁོ་ཚོས་རང་ཉིད་ཀྱི་མྱོང་རོལ་ཁྲོད་གཏོང་ཕོད་དང་མཛའ་བརྩེའི་སྤྱོད་བཟང་སྔར་བས་བསྐྱངས་ནས་གསོན་ཉམས་ལྡན་པའི་ཀུན་སྤྱོད་སློབ་གསོའི་ལག་ལེན་ཞིག་བསྟར་བ་རེད།། ( ཡེ་ཤེས་ཀྱིས་བསྒྱུར།)