国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྙིང་གཏམ་བཅུ་བདུན་མ་།

བསྟན་པའི་བདག་པོ་ཐུབ་པ་བཅོམ་ལྡན་ནས།།

ཆོས་འབྲེལ་དངོས་ཐོབ་རྩ་བའི་བླ་མའི་བར།།

གུས་པས་མདུད་ཅིང་མཆོད་ཚོགས་ཇི་སྙེད་འབུལ།།

བདག་ཡིད་ཐ་རྒོད་ཆོས་ཆར་བྱིན་གྱིས་རློབས།།

འདི་ན་འཕྲལ་ཕུགས་ཕན་གཏམ་མི་འདུག་ཅིང་།།

རྟོག་ལྡན་དགྱེས་པའི་སྙིང་ནོར་མ་མཆིས་མོད།།

རང་དང་ལས་སྐལ་མཉམ་པའི་སྐྱེ་འགྲོ་ལ།།

བརྩེ་བས་བཤད་དོ་རངས་པའི་ཚུལ་གྱིས་ཉོན།།

བྱས་བསགས་ལས་ཀྱི་བསོད་ནམས་ཕུང་པོའི་འབྲས།།

གང་མཆིས་ད་ལྟ་རང་ལ་སྨིན་པ་ལས།།

སྐྱེད་བྱེད་མེད་པའི་བསྐྱེད་བྱ་འབྲས་བུ་ཞིག།

སྨིན་བྲལ་ཚུལ་འདི་དགོངས་ཤིག་སྙིང་གཏམ་ཡིན།།

ལྷན་ཅིག་བྱེད་རྐྱེན་དགེ་སྦྱོར་ས་བོན་བཏབ།།

དངོས་ཀྱི་ཉེར་ལེན་དད་གུས་ཆུ་བོ་འཁྱིལ།།

དགེ་སེམས་ལྗང་མྱུག་བརླན་པའི་ཞིང་ས་འདིར།།

རྣམ་གཡེང་སེར་བས་མ་བཅོམ་སྙིང་གཏམ་ཡིན།།

ཐེག་མཆོག་བཤེས་གཉེན་ཉི་ཟླ་ལྟ་བུའི་འགྲམ།།

སློབ་ཁྲིད་ཉིན་མཚན་བར་མེད་མཛད་པ་རྣམས།།

གཞན་ལ་ཤགས་འགྱེད་ཙམ་དུ་མ་ཡིན་པས།།

གང་ཤེས་རྒྱུད་སྟེང་སྦྱོར་བ་སྙིང་གཏམ་ཡིན།།

དངོས་ཀྱི་བརྗོད་བྱར་ཚུལ་ཁྲིམས་རྩ་བ་རུ།།

ལེགས་སྤྱད་གང་ཡིན་དགོས་འདོད་ནོར་བུས་གཏམས། །

གཞན་ཕན་དཔལ་གྱུར་ཆོས་ཀྱི་བང་མཛོད་དུ།།

བག་མེད་རྐུན་མས་མ་བརླག་སྙིང་གཏམ་ཡིན།།

གཤིས་རྒྱུད་འདུལ་ཆེད་གཞུང་ཆེན་སློབ་གཉེར་མཛད། །

མི་ཚེའི་ཕྱེད་ཀ་དེ་གས་ངང་ནས་རྫོགས།།

ད་དུང་ཁྱོད་ཕམ་ང་རྒྱལ་རྩོད་བྱེད་པའི།།

མ་རུངས་ལས་འདི་མ་སྒྲུབ་སྙིང་གཏམ་ཡིན།།

བགྲོད་བདེ་ཁོད་ཡངས་ཡོན་ཏན་ཐང་ཆེན་དུ།།

རང་རང་གང་འདོད་རྒྱུག་པའི་དབང་ཡོད་སྐབས།།

དབང་པོ་ལེགས་དུལ་གཞུང་མཆོག་རྟ་བཟང་ལ།།

ལོག་རྟོག་སྒྲོག་གུས་མ་བཅིངས་སྙིང་གཏམ་ཡིན།།

དམ་ཆོས་གང་བྱས་གཞན་དོན་ཁོ་ནར་སོམས།།

གཞན་གྱི་ཕུན་ཚོགས་མི་བཟོད་བློ་འདི་དོར།།

ཀུན་ལ་དག་སྣང་སྦྱང་བར་མ་ནུས་ཀྱང་།།

རང་སེམས་ལྷོད་ལ་ཞོག་ཅིག་སྙིང་གཏམ་ཡིན།།

ཀློག་པ་ཐོས་བསམ་ནམ་མཁའི་མཐོངས་ཡངས་སུ།།

དོན་གཉིས་མཐར་ཕྱིན་བརྩོན་འགྲུས་ཟླ་བའི་འོད།།

རྟག་བརྟན་ནུབ་མེད་ཡང་ཡང་ཤར་བའི་སྐབས།།

སྙོམ་ལས་གཟའ་ཡིས་མ་འཛིན་སྙིང་གཏམ་ཡིན།།

དཔྱོད་ལྡན་ཡིན་ན་རང་སེམས་རང་གིས་ཐུལ།།

མཁས་པར་འདོད་ན་རང་ལམ་རང་གིས་འཚོལ།།

ཕྱི་ཁྲོ་ནང་སེམས་དཔོག་པའི་རྣམ་འགྱུར་འདི།།

གཞན་ལ་དེ་ཙམ་མ་སྟོན་སྙིང་གཏམ་ཡིན།།

སྔ་ཕྱི་འགལ་མེད་བདེན་ཚིག་མེ་ལྕེ་ཡིས།།

གསུང་རབ་གཏམ་གྱི་ནེའུ་གསིང་སྐྱེད་ཚལ་དུ།།

བསྟན་པའི་མེ་རོ་ཡང་ཡང་འབར་བའི་ཚེ།།

རྫུན་ཚིག་ཆར་པས་མ་བརླན་སྙིང་གཏམ་ཡིན།།

གཞན་ལས་ལྷག་པའི་ཡོན་ཏན་མ་མཆིས་ན།།

འགྲམ་གྱི་གྲོགས་དག་སུན་པའི་ལས་མ་སྒྲུབ།།

སྐྱིད་སྡུག་མཉམ་ལ་འགྲན་སེམས་མ་བཅངས་པར།།

མི་སྨྲ་གཅོམ་སྐྱུངས་བཞུགས་ཤིག་སྙིང་གཏམ་ཡིན།།

རྣམ་དཔྱོད་སྣོད་གཙང་གསེར་གྱི་བུམ་པའི་ནང་།།

དམ་ཆོས་ལེགས་བཤད་འཆི་མེད་བདུད་རྩིའི་ཆུ།།

དངོས་བརྒྱུད་བླ་མས་ཡང་ཡང་བླུགས་པའི་སྐབས།།

ལོག་རྟོག་ཐོ་བས་མ་བཅོམ་སྙིང་གཏམ་ཡིན།།

རྣམ་དག་འདུལ་ཁྲིམས་གཙང་མའི་རི་བོའི་རྩེར།།

ཞི་དུལ་བག་ཡངས་བརྩོན་པའི་རི་དྭགས་ཚོགས།།

ལྷད་མེད་རྩེད་དགོད་ཁྲོད་ནས་འཛུམ་པའི་སྐབས།།

གྲོགས་ངན་ཤ་ཁྱིས་མ་སོད་སྙིང་གཏམ་ཡིན།།

བསྒྲུན་བྲལ་མཁས་མང་འདུས་པ་མཚོ་མོ་རུ།།

ཀུན་ལ་དག་སྣང་བརྩོན་པའི་གསེར་ཉ་ཚོ།།

བྱིངས་སུ་རེ་དོགས་མེད་པར་ཕྱིན་པའི་ཚེ།།

ཆགས་སྡང་ལྕགས་ཀྱུས་མ་འཛིན་སྙིང་གཏམ་ཡིན།།

བརྗེད་མེད་དྲན་ཤེས་དཀར་པོ་ལྷ་དར་གྱིས།།

ཁྲེལ་གཞུང་ཕྱི་ཐག་ཡོད་པའི་གཡས་འཁྱིལ་དུང་།།

དྲི་མེད་ཕྱི་ནང་ཡོངས་སུ་སྤྲས་པའི་སྐབས།།

ལོག་སྤྱོད་ལག་རྡོས་མ་བཅག་སྙིང་གཏམ་ཡིན།།

གཟུངས་སྔགས་ངག་ཏུ་བཟླས་པའི་རྦ་རླབས་སུ།།

བསྙེན་སྒྲུབ་ལས་ལ་བརྩོན་པའི་ངང་སེར་ཚོམས།།

ཆིལ་ཆིལ་གཡོ་བའི་མཚོ་ངོགས་ཞུགས་པའི་ཚེ།།

གཉིད་རྨུགས་རྙི་ཡིས་མ་གཟུང་སྙིང་གཏམ་ཡིན།།

ནམ་ཞིག་འཕྲད་ན་མི་འདོད་རྣམ་འགྱུར་གྱིས།།

འགྲམ་གྱི་མི་དག་སུན་གཙེར་བཟོ་ངེས་པས།།

རང་གི་ཞེ་སྡང་ཨམ་གཙིགས་མི་བསྡམས་པར།།

ཀུན་ལ་གུ་ཡངས་སྤྲོད་ཅིག་སྙིང་གཏམ་ཡིན།།

༼ བྱང་གུར་གུམ། ༽