国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གྱི་ལིང་ཁྱུང་གཤོག་ སྔོན་མོ།

མགོ་ཐོག་གི་ནམ་མཁའ་ནས་གྱེན་དུ་འཕུར་སོང་བས།

ཁ་རུ་ལྕགས་གྲང་མི་དགོས་པའི་སངས་རྒྱས་ཀྱི་ལྷ་རྟ།

སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཐར་ལམ་རྙེད་པའི་སྐྱེས་མཆོག་ཅིག།

ཡབ་དང་ཡུམ། བུ་དང་ཆུང་མ།

བློན་དང་འབངས། ཁྱིམ་དང་སྲིད་བཅས་རིང་དུ་སྤངས་ཏེ།

མི་མེད་དབེན་པའི་ནགས་ཁྲོད་དུ་ཕྱིན།

སྐབས་དེར། སེམས་ལྡན་གང་མང་ཞིག་སྡུག་བསྔལ་གྱིས་གཟིར་ཡང་།

རྟག་པར། རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་བརྩེ་བའི་མིག་གིས་གཟིགས།

དྲན་གདུང་གི་མཆི་མ་ཕུད།

ཐ་མར་སེམས་ཁྲལ་གྱི་ཚེ་འཕོས་པའི་ལྷ་རྟ།

ཇི་སྲིད་བསྐལ་བའི་བར།

སྟོན་པའི་རྣམ་ཐར་གྱི་ལྡེབས་ངོས་ན་གསལ་ལེར་མངོན།

ཕ་ཡུལ་གྱི་རྩྭ་ཐང་གིས་བོར་བའི་རྟ་ཕོ།

རྔ་རྔོག་ཤིག་ཤིག་ཏུ་རང་གི་བདག་པོ་འཚོལ།

འཚེར་སྐད་ལྷང་ལྷང་གིས་སྤང་ལྡེམ་པར་བྱས།

འདོ་བ་གཡུ་ཆུང་དྲུག་དཀར། ཡབ་མེས་ཀྱི་བློ་རྟ།

གཡང་གི་རྩྭ་ཆུ་དང་གྱེས་པའི་རྟ་ཕོ།

རྣོ་ལྕགས་ཀྱི་ཁ་ར་དང་ཕྲད།

སྐབས་དེར།

རྟ་ཕོའི་ལས་དབང་ལ་སེམས་ཁུར་གནང་མཁན་སུ་ཞིག་ཡོད་ཨང་།

རྟ་ཕོ།

སྟག་ཤ་ར་ཞིག་གི་འགྲོགས་ཟླ་ཉག་ཅིག།

རྒྱང་སྐྱོད་ཀྱི་ལོ་ཟླ་ལ་དྭངས་གཙང་གི་མཛེས་སྡུག་བསྐྲུན་མཁན།

ཁེར་རྐྱང་གིས་གཟིར་བའི་ལོ་ཟླའི་ནང་།

རྨི་ལམ་དུ་རྟ་ཕོའི་འཚེར་སྐད་ཐོས།

ཕྱིར་ཉིན་གྱི་ཞོགས་པར།

ཞེ་འདྲིས་ཀྱི་རྟ་ཕོའི་གཏམ་རྒྱུད་ཡང་ཡང་གླེང་།

ལྷང་ལྷང་གི་འཚེར་སྐད།

གངས་རི་དང་། སྤང་གི་གཤང་གཤོང་ལ་འཁྱིལ།

རྨིག་བཞི་ལ་རླུང་གི་གཤོག་པ་ཐོགས་འདྲ།

རྔ་རྔོག་གི་རྦ་རླབས་ལྷོ་སྤྲིན་མཁའ་ལ་འཕྱོ་འདྲ།

སྲིད་པའི་དབྱངས་ཡིག་འཚོལ་བའི་རྨི་ལམ་གྱི་རྟ་ཕོ།

འཁོར་བའི་བདེ་སྡུག་མྱོང་བའི་སྟག་ཤ་རའི་ཞེ་རྟེན།

ནམ་མཁའི་པང་ན་བང་རྩལ་རླུང་ལ་བཅོལ་བའི་ཤིས་སྤྲིན་གྱི་རྟ་ཕོ།

རྩྭ་ཐང་གི་ཕ་མཐར་འགྲེང་ནས།

ངས་གཤོག་ཟུང་བརྐྱངས་པའི་གྱི་ལིང་ཁྱོད་ཡང་ཡང་དྲན།

༼ གངས་ཚ་འཇོམས། ༽