国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་བསྟོད་མེ་ཏོག་མགུལ་རྒྱན།

ཡིད་འགྱུར་རླུང་གིས་འཕྱུར་བའི་སྣང་བ་ལ།།

ཚོགས་དྲུག་བུང་བ་ལྡིང་བའི་ངོ་མཚར་ཅན།།

སྙན་ངག་གསེར་གྱི་སྐྱེས་ཆང་མངར་མོ་འདི།།

མཚོ་བྱུང་ལྷ་མོ་དགྱེས་པའི་མཆིད་འདི་ཕུལ།།

ཡིད་ཁམས་རྒྱ་མཚོ་སྐྱོམ་པའི་རླབས་སྒྲ་ལ།།

ཚིག་རྒྱན་ཉམས་འགྱུར་སྟོང་གི་མེ་ཏོག་ཅན།།

སྙན་འཇེབས་གསུང་གི་ཡོན་ཏན་གངྒའི་གླུ།།

ངག་དབང་ལྷ་མོ་དགྱེས་པའི་རྒྱན་འདི་ཕུལ།།

ཚིག་རྒྱན་འདབ་མ་གྲོལ་བའི་པད་གདན་ལ།།

སྒྱུ་མའི་གཟུགས་སྣང་འཆར་བའི་རི་མོ་ཅན།།

ཡིད་འོང་སྙན་འགྱུར་ཚིག་རྩལ་གར་ལ་རྩེན།།

ཚངས་སྲས་ལྷ་མོ་དགྱེས་པའི་ཚིག་འདི་ཕུལ།།

ཡིད་སྡུག་མཛའ་བ་སྟེར་བའི་ཉམས་སྣང་ལ།།

ཚོགས་དྲུག་འཆར་སྒོ་ཡངས་པའི་པ་ཏྲ་ཅན།།

ངག་རིག་མེ་ཏོག་འཛུམ་པའི་ཞལ་བཟང་མ།།

སྒྲ་དབྱངས་ལྷ་མོ་དགྱེས་པའི་རྒྱན་འདི་ཕུལ།།

དབྱངས་ཅན་ཟིལ་བ་ཆགས་པའི་མེ་ཏོག་ལ།།

ཚིག་རྒྱན་མེ་ཏོག་བཞད་པའི་གེ་སར་འཛུམ།།

སྙན་ཚིག་མགྲིན་པའི་དྲིལ་ཆུང་རབ་ཏུ་སྙན།།

དབྱངས་ཅན་ལྷ་མོ་དགྱེས་པའི་རོལ་མོ་ཡིན།།

དབྱངས་ཅན་དགྱེས་པའི་འཕྲུལ་གྱི་ཟླ་བ་ལ།།

ཟག་མེད་ལམ་གྱི་བྱིན་རླབས་རབ་ཏུ་འབར།།

རིག་བྱེད་ངག་གི་རླབས་ཕྲེང་མགྲིན་དུ་གྲོལ།།

རྨད་བྱུང་ཚིག་གི་མཛེས་པ་སྩོལ་ཏུ་གསོལ།།

དད་བརྩེ་སྙིང་གིས་འབོད་པའི་སྤྱན་ཟུང་ལ།།

ཚིག་རྒྱན་སྙན་པའི་སྦྱོར་བ་ལྷུར་བླངས་ནས།།

ངག་རིག་སྙིམ་པར་གང་བའི་བདུད་རྩི་འདི།།

ཚངས་སྲས་དབྱངས་ལ་སྦྱོར་བ་འདི་ཕུལ་ལོ།།

ངག་རིག་དབྱངས་མ་འགུག་པའི་ཆུ་རིས་འདི།།

ཚིག་གི་སྤྲོས་པ་འདར་བའི་མཆོད་འདི་ཕུལ།།

ཚིག་གི་དྲི་གཞོན་གསར་པའི་མདངས་འདི་ལ།།

ངག་དབང་ལྷ་མོའི་བདག་བློ་དགྱེས་སུ་མཛོད།།

ཁྱེད་ནི་ངག་རིག་ཚིག་གི་གཏེར་མཛོད་དང་།།

ཁྱོད་ནི་སྡེབ་ལེགས་ཚིག་གི་མཛེས་སྡུག་ཅན།།

ཁྱེད་ནི་ཚིག་རྒྱན་དབྱངས་ཀྱི་གཏེར་མཛོད་དེ།།

ཁྱོད་ནི་དབྱངས་ཀྱི་བྱིན་རླབས་བྱེ་བའི་མཛོད།།

༼ བཞག་ཚ། ༽