国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀའ་ངལ་དུ་མ་གདོང་གིས་བསུ།། ལྷག་བསམ་དཀར་པོས་གཞན་ཕན་སྒྲུབ།།

གཞན་ཕན་གྱི་ལྷག་བསམ་དུང་ལྟར་དཀར་བའི་ཝང་ཏེ་ཧྥུན་གྱི་གནས་ཚུལ་རགས་བཀོད།

3430_03B_20260209ཝང་ཏེ་ཧྥུན(གཡོན་དང་པོ)གྱིས་དར་མདོ་གྲོང་ཁྱེར་གུར་དྲག་ཏུ་ཆུ་ལོག་གནོད་འཚེ་ཐེབས་སྐབས་ཞལ་འདེབས་འབུལ་བཞིན་པ།

3426_03B_20260209ཝང་ཏེ་ཧྥུན་གྱིས་བྱ་བྱེའུ་ལ་གཟན་གྲ་སྒྲིག་བྱེད་བཞིན་པ།

3629_03B_20260209ཝང་ཏེ་ཧྥུན(གྲལ་དང་པོའི་གཡས་ཀྱི་གསུམ་པ)ཐད་གཏོང་གསོ་སྦྱོང་བྱེད་མཁན་དང་མཉམ་དུ་སྒྲོན་པའི་པར།

3431_03B_20260209ཝང་ཏེ་ཧྥུན་གྱིས་གསོ་བའི་བྱ་བྱེའུ།

ཝང་ཏེ་ཧྥུན་ནི་རང་གཞན་ཀུན་གྱི་དོན་དག་ལ་དོ་སྣང་དང་ཁ་ཞེ་གཉིས་མེད་ཀྱི་ལས་ཀ་སྒྲུབ་མཁན་ཞིག་ཡིན། ཁོང་ནི་དར་མདོ་གྲོང་ཁྱེར་གྱིས་བཏོད་པའི་མཛེས་སྡུག་ལྡན་པའི་ཁོར་ཡུག་རྒྱུན་སྲུང་དང་བདག་མེད་ཀྱི་བྱ་བྱིའུའི་སྦྱིན་བདག། དཀའ་སྡུག་སེལ་མཁན་གྱི་བྱང་སེམས་ཅན་དེ་ཡིན་པས་ཀུན་གྱིས་དགའ་བའི་མེ་ཏོག་གཏོར་ཞིང་། བཀུར་བའི་མཐེ་བོང་སྒྲེང་ས་དང་། ཕོ་མོ་རྒན་གཞོན་ཀུན་གྱི་མིག་དཔེ་བལྟ་ས་དང་སློབ་སྦྱོང་བྱེད་ས་ཡིན་ལ། གུང་ཁྲན་ཏང་མི་ངོ་མ་ཞིག་དང་ཆོས་དང་འཇིག་རྟེན་ཡོངས་དང་མཐུན་པའི་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་མེད་དུ་མི་རུང་བའི་བུད་མེད་རླབས་ཆེན་ཞིག་ཡིན།

སྐྱེ་ཁམས་དོ་མཉམ་གྱི་ལག་ལེན་བསྟར་མཁན།

གསར་འགོད་པ་དུས་ཚོད་གཏན་ཁེལ་ལྟར་དར་མདོ་གྲོང་ཁྱེར་བཞག་བྲ་ལུང་པའི་ཟམ་གཉིས་པའི་ཡུལ་སྡེར་ཡོད་པའི་ཝང་ཏེ་ཧྥུན་གྱི་ཁྱིམ་དུ་སླེབས་སྐབས་ཁོང་ཏག་ཏག་གསར་འགོད་པ་ཡོང་བར་བསྒུགས་ནས་འདུག། མ་གཞི་ཉིན་ལྟར་ཞོགས་པའི་ཆུ་ཚོད9པར་ཁྱིམ་དང་བར་ཐག་སྤྱི་ལེ་གཅིག་ཙམ་ཡོད་པའི་རི་ཐོག་ཏུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ལྟོ་ཆས་སྟེར་བར་འགྲོ་གིན་ཡོད་ཀྱང་། གསར་འགོད་པ་བཅར་འདྲིར་ཡོང་བས་འགྲོ་རྒྱུ་མ་བྱུང་བ་རེད།

“ཁྱེད་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཆུང་ཆུང་ལ་གཟན་སྤྲད་དེ་བྱིའུ་དག་ལ་གཅེས་སྐྱོང་དང་སྲུང་སྐྱོང་བྱ་རྒྱུ་ཇི་ལྟར་དྲན་པ་ཡིན་ནམ”ཞེས་གསར་འགོད་པས་དྲིས་པ་ལ། ཝང་ཏེ་ཧྥུན་གྱིས“ལོ་འགའི་སྔོན་གྱི་དགུན་ཁར། རི་ཁུལ་དུ་ནགས་ཚལ་མེ་འགོག་སྐོར་གཡེང་བྱེད་དུས། ངས་འདབ་ཆགས་མང་པོ་དང་ནགས་བྱི་མང་པོ་ཞིག་གིས་ཁ་བའི་ཁྲོད་དུ་དཀའ་ཚེགས་ཆེན་པོས་ཟས་འཚོལ་བཞིན་ཡོད་པ་དང་། བྱིའུ་ཆུང་ཆུང་ཁག་གཅིག་ཟ་རྒྱུ་མ་རྙེད་པས་ལྟོགས་ནས་ཤི་བ་མཐོང་བྱུང་། སྐབས་དེར་ངའི་སེམས་ལ་ཟེར་མི་བཤད་པའི་སྐྱོ་སྣང་ཞིག་དང་བཟོད་མི་ཐུབ་པའི་སྡུག་བསྔལ་ཞིག་སྐྱེས་བྱུང་། སེམས་ནང་སྲོག་ཆགས་ཆུང་ཆུང་དེ་དག་ང་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་གྱིན་ཡོད་པས་དེ་དག་ལ་དཀའ་ངལ་ཡོད་དུས་ང་ཚོས་རོགས་རམ་དང་གཅེས་སྐྱོང་བྱ་མ་ཐུབ་ན་ང་ཚོ་མི་ཡིན་པས་ཅི་བྱ་སྙམ་ནས་རང་ནུས་ཡོད་དགུས་རོགས་པ་བྱ་དགོས་པའི་འདུན་པ་ཞིག་ངང་ངམ་ཤུགས་སུ་སྐྱེས་བྱུང”ཞེས་བཤད།

ཝང་ཏེ་ཧྥུན་ཚང་གི་ཁང་པ་དེ་ཟམ་གཉིས་པའི་ཡུལ་སྡེར་ཡོད་པ་དང་རྒྱབ་ཏུ་ནགས་ཚལ་གྱིས་ཁེངས་པའི་རི་བོ་ཆེན་པོ་ཞིག་དང་མདུན་དུ་བཞག་བྲ་གཙང་པོའི་འགྲམ་གྱི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན། ཝང་ཏེ་ཧྥུན་གྱི་ཁྱིམ་གྱི་སྒོ་རའི་ནང་སྐྱོད་སྐབས་གསར་འགོད་པས་མེ་ཏོག་མང་པོ་དགུན་དུས་ཀྱི་ཉི་འོད་འོག་མཛེས་སྡུག་ངང་རྣམ་པར་བཞད་ཅིང་། ཡངས་ཤིང་གཙང་བའི་སྒོ་རའི་ནང་ཞི་ལ་དང་ཁྱི་ཕྲུག་རྣམས་བག་ཕེབས་ངང་རྩེད་མོ་རྩེ་བཞིན་ཡོད། ཐོག་ཁང་གི་ཉི་འོད་སྤྱིལ་བུ་རུ་བོད་ལུགས་ཀྱི་རྣམ་པ་ལྟར་བཟོ་བཀོད་བྱས་པའི་ཇ་ཁང་གི་མཛེས་བཟོ་དང་སྒྲིག་བཀོད་དེ་དག་གིས་མི་རྣམས་ལ་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་སྟེར་གྱི་ཡོད། ཅོག་ཙེ་ཞིག་གི་ཐོག་ཆུ་རྫ་ཞིག་བཞག་ཡོད་པ་དང་དེའི་ནང་དུ་རུས་སྦལ་ཆུང་ཆུང་ཞིག་གསོས་ཡོད་ཅིང་། དེ་དག་ལས་ཝང་ཏེ་ཧྥུན་ནི་འཚོ་བར་དགའ་ཞེན་དང་རང་བྱུང་ཁམས་ལ་དགའ་ཞེན། སྲོག་ཆགས་ལ་དགའ་ཞེན་ཡོད་པའི་མི་ཞིག་ཡིན་པ་ཤེས་ཐུབ་།

ཝང་ཏེ་ཧྥུན་གྱིས་དུས་ཡུན་རིང་པོར་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཆུང་ཆུང་ཚོར་ཟས་སྤྲད་པའི་གནས་ཚུལ་དེ་གང་སར་ཁྱབ་ཅིང་། ཐོག་མར་ཡུལ་མི་འགས་ཝང་ཏེ་ཧྥུན་ནི་དོན་མེད་ལ་དོ་དམ་བྱེད་རྒྱུར་དགའ་པོ་ཡོད་པས་མ་ཚད་རི་སྐྱེས་སྲོག་ཆགས་ལ་ཡང་དོ་དམ་བྱེད་པ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱལ་ཁབ་དང་དཀར་མཛེས་ཁུལ། དར་མདོ་གྲོང་ཁྱེར་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་ཆབས་ཅིག་ཡུལ་མི་རྣམས་ཀྱིས་ཝང་ཏེ་ཧྥུན་གྱི་དོན་མེད་དོ་དམ་བྱེད་པའི་བྱ་སྤྱོད་ལའང་བསམ་ཤེས་དང་རྒྱབ་སྐྱོར་བྱས་པ་རེད།

སྔོན་མར་ཡུལ་མི་རྣམས་ལ་བྱ་བྱིའུ་དང་སྲོག་ཆགས་ལ་སྲུང་སྐྱོང་བྱས་པའི་འདུ་ཤེས་མེད་ཅིང་། ད་ལྟར་ཡུལ་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་ཕྱིན་ཏེ་འབའ་འབུ་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤེས་ལ་སྐབས་འགར་གཟན་ཆས་ཀྱང་ཝང་ཏེ་ཧྥུན་སར་ཁྱེར་འོངས་ནས་བྱིན་པས་བྱ་བྱིའུ་ཡང་སྔར་མ་ལས་མང་དུ་ཕྱིན་ལ། མི་ལའང་མི་སྐྲག་སྟེ་ཟ་མ་ཁྱེར་ཡོང་བ་ཤེས་ཏེ་སྐད་སྙན་སྒྲོག་བཞིན་ཁོའི་སར་བཅར་བ་རེད།

2025ལོ་ནས་བཟུང་། ཝང་ཏེ་ཧྥུན་གྱིས་དྲྭ་རྒྱ་བརྒྱུད་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཆུང་ཆུང་ལ་གཟན་ཆས་སྤྲད་པ་ཐད་གཏོང་བྱས་པ་དང་། ཁོང་གིས་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས་པ་དེ་དྲིལ་བསྒྲགས་བྱས་ཤིང་།“ངས་སྲོག་ཆགས་ཆུང་ཆུང་ཚང་མར་མིང་བཏགས་ཡོད། དཔེར་ན། བྱ་ཕོའི་མིང་ལ་བཀྲ་ཤིས་དང་འཇོལ་མོ་ལ་དབྱངས་ཅན། ནགས་བྱི་ལ་ཉི་མ་སོགས་བཏགས་པ་ཡིན། བྱ་བྱིའུ་དེ་དག་ཟ་མ་ཟ་བར་ཡོང་དུས་སྐད་སྙན་སྒྲོག་པ་དང་གཤོག་པ་རྡེབ་ཅིང་ཕན་ཚུན་རྩེད་མོ་རྩེ་སྐབས་ངས་ས་གནས་དེ་གའི་གནས་ཚུལ་ལ་གཞིགས་ནས་གཏམ་རྒྱུད་ཆུང་ཆུང་ཁག་གཅིག་རྩོམ་སྒྲིག་བྱས་ཏེ་ཐད་གཏོང་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བས་ཐད་གཏོང་ལ་སྙིང་དམར་དང་དོ་ཁུར་བྱེད་མཁན་གྱི་ཞེན་མི་ཁྲི1.3ལ་ཟིན། དོ་ཁུར་བྱེད་མཁན་ཇེ་མང་དང་སྲོག་ཆགས་ལ་དགའ་མཁན་ཇེ་མང་ཕྱིན་ཏེ་ཁོའི་སྒོ་ཁར་ཐུག་པ་དང་ནས། འབྲས་ཐུག་སོགས་ནི་དར་མདོ་གྲོང་ཁྱེར་དང་དེ་མིན་ས་ཆ་གཞན་གྱི་ཞེན་མི་རྣམས་ཀྱིས་བསྐྱལ་ཡོང་ཞིང་། ཁོ་རང་གིས་གློག་མིག་བཞག་སྟེ་ནགས་རིའི་གནས་ཚུལ་དང་སྲོག་ཆགས་ལ་གནོད་འཚེ་རྨས་སྐྱོན་ཕོག་མིན། མེ་སྤྱོད་མཁན་ཡོད་མེད་སོགས་དུས་དང་རྣམ་པ་ཀུན་ཏུ་ཤེས་རྟོགས་ཐུབ་པར་གྱུར།

གཞན་ཕན་ལྷག་བསམ་གྱི་

རོགས་རམ་བྱེད་མཁན།

2025ལོའི་ཟླ་བ7པའི་ཚེས26ཉིན་གྲོང་མི་ཞིག་གིས་དར་མདོ་གྲོང་ཁྱེར་དུ་སྐད་གྲགས་ཡོད་པའི་རྒྱུན་དྭངས་ཆུ་མིག་ཏུ་ཁ་གདན་འཁྲུད་བཞིན་པ་མཐོང་མ་ཐག་ཝང་ཏེ་ཧྥུན་གྱིས“ཨ་ཅེ་འདི་ནི་དར་མདོའི་གྲོང་མི་རྣམས་ཀྱི་འཐུང་ཆུ་ཡིན་ལ་ས་གནས་གཞན་པའི་མི་རྣམས་ཀྱིས་ཀྱང་འཐུང་ཆུ་འཁྱེར་བ་རེད། དར་མདོ་ཡི་དམངས་སྲོལ་རིག་གནས་ཀྱི་མཚོན་རྟགས་ཀྱང་ཡིན་པས་འདི་ནས་ཁ་གདན་འཁྲུད་མི་རུང”ཞེས་སྐད་ངག་འཇམ་པོས་ཁ་ཏ་ལོ་རྒྱུས་བཤད་པ་རེད།

ཝང་ཏེ་ཧྥུན་གྱིས་རྒྱུན་དྭངས་ཆུ་མིག་སྲུང་བར་མ་ཟད། ཆུ་མིག་སྦགས་བཙོག་བཟོ་པར་སྔོན་འགོག་བྱས་པ་དང་དུས་མཚུངས་སྤྱི་ཕན་རོགས་རམ་ནང་བཞུགས་ནས་ནུས་ཤུགས་གང་ཡོད་བཏོན། དེ་མིན་དུས་རྒྱུན་ཁོམ་སྐབས་དང་བསྟུན་ནས་ཨ་ལི་བུ་རྐང་ཐང་སྐོར་ལམ་དུ་གད་སྙིགས་གཙང་སྦྲ་བྱས་ཏེ་དར་མདོ་དེ་ལས་མཛེས་སྡུག་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དེ་ལས་ཇེ་ཡག་ཏུ་བཏང་བ་རེད།

གང་དུ་དཀའ་ངལ་ཡོད་ན་ཁོ་དེར་ཐོན་ཞིང་། ཟམ་གསུམ་ཡུལ་སྡེའི་མི་རྒན་ཞིག་གི་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་ཅིང་། དེ་ཚང་གི་བུ་མོ་ཞ་རེངས་སུ་གྱུར་ཏེ་ཉལ་སར་ལྷུང་། ཝང་ཏེ་ཧྥུན་གྱིས་གོ་མ་ཐག་འཚོ་བའི་མཁོ་ཆས་ཉོས་པས་མ་ཚད་མ་དངུལ་སྤྲད་པ་རེད།

2024ལོའི་ཟླ་བ8པའི་ཚེས3ཉིན་དར་མདོ་གུར་དྲག་ཏུ་ཆུ་ལོག་བྱུང་རྗེས་ཁོང་གིས་དངུལ་དང་ཅ་ལག་ཁྱེར་ཏེ་གནོད་ཁུལ་དུ་བསྐྱལ། 2022ལོའི་ཟླ་བ9པའི་ཚེས5ཉིན་ལྕགས་ཟམ་རྫོང་དུ་ས་གཡོ་བྱུང་དུས་ཡང་ཁོང་རང་གནོད་ཐེབས་ས་ཁུལ་གྱི་ཡུལ་དངོས་སུ་སོང་ནས་དེ་ཚོ་ལ་དགོས་གལ་ཆེ་བའི་ཅ་ལག་ཉོས་པ་རེད། ཁོང་ལ་རང་གི་ཟས་གོས་ལ་གྲོན་ཆུང་བྱས་ཏེ་གཞན་ལ་ཏག་ཏག་སྤྲད་ཐུབ་པའི་བསམ་བློ་ཞིག་ཇི་ལྟར་འཁོར་བ་ཡིན་ཞེས་དྲིས་དུས། ཁོང་གིས་འཕྲོ་བརླག་ནི་ངོ་ཚ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་ལ། ཡུལ་དུས་གང་དུའང་སྡུག་གི་དཀའ་ངལ་མཉམ་ཁུར་དང་སྐྱིད་ཀྱི་གླུ་གར་མཉམ་འཁྲབ་བྱེད་པ་ཡིན་ན་མི་མ་ཚད་སྲོག་ཆགས་དུད་འགྲོ་ཡོངས་འཆམ་མཐུན་མཉམ་གནས་ཡོང་ཐུབ་ལ་བདེ་སྐྱིད་ཀྱང་ངང་ངམ་ཤུགས་སུ་འབྱུང་བ་རེད་ཅེས་གསུངས་སོ།།

༼ མིག་དམར་དོན་འགྲུབ་ཀྱིས་བྲིས། ༽