མིག་གིས་མཐོང་བའི་མདུན་ཕྱོགས་གངས་རི་ལ།།
སྨུག་སྤྲིན་ལང་ལོང་བཙན་གྱིས་ངོས་སུ་འཁྲིགས།།
བསིལ་རླུང་འཇམ་པོ་དལ་གྱིས་ངོ་གདོང་འཁྲུད།།
དེ་ཡི་ཀློང་ནས་འཚམས་འདྲིའི་དཔྱིད་ཀྱི་གཏམ།།
འདབ་ཆགས་ཁུ་བྱུག་བཞིན་དུ་ཉམས་དགའ་བ།།
དེ་ལ་དཔྱིད་དཔལ་བསུ་བའི་མགུར་ཞིག་འཐེན།།
སྤྲིན་གྱི་མཚམས་ནས་ཆར་གྱི་ཟེགས་མ་བརྡོལ།།
འཇིག་རྟེན་ཁམས་ནས་མྱུ་གུའི་འཛུམ་ཆུང་གྲོལ།།
རི་ལུང་ཐང་གསུམ་མཛེས་སྡུག་དལ་གྱིས་བཞད།།
ཡིད་འོང་དཔྱིད་ཀྱི་མཛེས་ཉམས་འཇོ་སྒེག་ཅན།།
དགའ་ཚལ་འདི་དག་མཐོ་རིས་དཔེ་ཞིག་བླངས།།
དེ་ལ་དཔྱིད་དཔལ་བསུ་བའི་མགུར་ཞིག་འཐེན།།
འཁོར་བའི་གཞུང་ལ་འཛུམ་པའི་མེ་ཏོག་དགོད།།
སྒྱུ་མའི་ཐང་ལ་ཡིད་འོང་འཛུམ་དམུལ་འཁྲུངས།།
ཀུ་མུད་ཚལ་དུ་མཛེས་པའི་དཔྱིད་ཀྱི་དཔལ།།
ལྗང་མདོག་རྣམ་པར་གསལ་བའི་ཡིད་འོང་ཅན།།
རྫོགས་ལྡན་དཔྱིད་ཀ་ཤར་བའི་ཉམས་རེ་དགའ།།
དེ་ལ་དཔྱིད་དཔལ་བསུ་བའི་མགུར་ཞིག་འཐེན།།
ལྗོན་བཟང་འགོ་ལྕོག་ལྡེམ་འགུལ་ཡིད་གར་འོང་།།
ལང་ཚོའི་ཡལ་འདབ་རྒྱས་པར་མཚར་སྡུག་ལྡན།།
ཡིད་དགའི་ཚོགས་ལས་ཞིམ་པའི་དྲི་བསུང་སྤུད།།
དཔྱིད་ཀྱི་རླུང་བུ་བསིལ་བསིལ་འཇམ་ལྷོད་ཅན།།
མཛེས་སྡུག་འདི་དག་དཔྱིད་ཀྱི་གྲོགས་སུ་ཕེབས།།
དེ་ལ་དཔྱིད་དཔལ་བསུ་བའི་མགུར་ཞིག་འཐེན།།
༼ བཞག་ཚ། ༽
