国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གུ་གེའི་རིག་གནས་འགྲེམ་སྟོན་ཁང་ནས་མཇལ་བའི་རིག་རྫས།

གུ་གེའི་རིག་གནས་འགྲེམ་སྟོན་ཁང་ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་ཁོངས་སུ་ཡོད་ཅིང་།ཉེ་བའི་ལོ་འགའི་རིང་ལ།ཀྲུང་གོ་ཚན་རིག་གླིང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་རྩྭ་མདའ་གཤོང་ས་རུ་པུ་མིང་པའི་གཟིག་དང་།སྤུ་ལྡན་བསེ་རུ།རྨིག་གསུམ་རྟ།ཆིའུ་མིང་པའི་ཝ།ཟེ་སྤྱང་།གནའ་བོའི་གནའ་གཡག་སོགས་འཁྱགས་དུས་སྲོག་ཆགས་ཀྱི་འགྱུར་རྡོ་གསར་རྙེད་བྱུང་ལ།དེས་ལོ་ངོ་ཁྲི500ཡན་སྔོན་གྱི་དུས་གསར་གོང་མའི་དུས་རབས་སུ་ས་ཁུལ་འདི་རུ་སྲོག་ཆགས་ཁྱུ་ཚོགས་ཁྱད་པར་ཅན་འཚོ་སྡོད་བྱས་མྱོང་ཡོད་ལ།ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་རིམ་བཞིན་གོ་ལ་ཡོངས་ཀྱི་ས་གནས་གཞན་དག་ཏུ་ཁྱབ་པ་དང་།རྩྭ་མདའ་གཤོང་ས་ནས་རྙེད་པའི་བདེན་དཔང་དེ་ཡིས་རྒྱལ་སྤྱིའི་ཐོག་ཡུན་རིང་དར་ཁྱབ་སོང་བའི་འཁྱགས་དུས་སྲོག་ཆགས་ཀྱི་འབྱུང་ཁུངས་བྱང་སྣེ་ཡིན་པའི་བཤད་སྲོལ་ལ་དག་བཅོས་བྱས་པས།རྩྭ་མདའི་མིང་གྲགས་རྒྱལ་སྤྱིའི་ས་རིག་ཁྱབ་ཁོངས་སུ་གྲགས་པར་གྱུར།རྟོག་ཞིབ་བྱས་པ་ལྟར་ན། ལོ་ངོ་ཉིས་ཁྲི་ཙམ་གྱི་སྔོན་ནས་མིའི་རིགས་གནས་དེར་བཅའ་སྡོད་དང་ཐོན་སྐྱེད།འཚོ་བ་བསྐྱལ་བ་བཅས་བྱས་པ་དང་།གསར་རྙེད་བྱུང་བའི་རྡོ་ཆས་དང་རྫ་ཆས།བྲག་རིས་སོགས་གནའ་རྫས་རྟོག་ཞིབ་ལས་རྡོ་ཆས་གསར་མ་དང་རྙིང་མའི་དུས་རབས་སུ་མིའི་རིགས་ས་གནས་དེ་རུ་འཚོ་སྡོད་བྱས་པའི་བདེན་དཔང་ཁུངས་སྣེ་རྙེད་པ་རེད།།

( ནོར་བུས་བྲིས་ཤིང་པར་བླངས།)