ཉེ་ཆར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། མི་སྒེར་གྱི་རང་སྦྱོང་དང་ཞིབ་བསྡུར་སྤེལ་རེས། ཆེད་མཁས་པའི་སློབ་ཁྲིད། ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་བཅས་ཟུང་དུ་འབྲེལ་བའི་ཐབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་མཐར་ཕྱིན་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ཡོད་པ་རེད།
ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭས་གཙོ་དོན་སློབ་གསོའི་བླང་བྱར་དམ་པོར་དམིགས་ནས་སློབ་སྦྱོང་གི་ཇུས་གཞི་ཞིབ་ཚགས་བཟོས་ཤིང་། སློབ་སྦྱོང་གི་དམིགས་ཚད་དང་སློབ་སྦྱོང་གི་ནང་དོན། སློབ་སྦྱོང་གི་ངོ་བོ་དང་ལས་ཀའི་བླང་བྱ་བཅས་གསལ་པོར་བཟོས་པ་རེད། སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་འདེམས་སྒྲིག་ཞིབ་ཚགས་བྱས་ཏེ《ཞི་ཅིན་ཕིང་གི་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སྐོར་གྱི་རྒྱས་བཤད་གནད་བསྡུས》དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་དང་ལྡོག་ཕྱོགས་ཀྱི་ཉེན་བརྡའི་དཔེ་མཚོན་བཅས་སློབ་སྦྱོང་གི་ནང་དོན་གཙོ་བོར་བཟུང་ནས་སློབ་སྦྱོང་ལ་ཁ་ཕྱོགས་ཡོད་པ་དང་། གཏིང་ཟབ་ཚད་ཡོད་པ། དམིགས་ས་ཡོད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱས་པ་རེད། དཔེ་ཀློག་འཛིན་གྲྭའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མ་ཡིག་སློབ་སྦྱོང་དང་། སྤེལ་རེས་དང་ཞིབ་བསྡུར། གནད་དོན་ཞིབ་བཤེར་གསལ་སྟོན་བཅས་བྱེད་པ་རྒྱུན་འཁྱོངས་ནས། སློབ་མ་ཡོངས་ཀྱི་ལུས་སེམས་གཉིས་ཀ་སློབ་སྦྱོང་ལ་ཞུགས་པར་སྐུལ་ཁྲིད་བྱས་ཤིང་། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པ་དང་། ཡིད་ཆེས་དང་ལག་ལེན་བསྟར་བའི་སློབ་སྦྱོང་གི་ཁོར་ཡུག་ཟབ་མོ་བསྐྲུན་ཡོད།
ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ཚོགས་འདུར། སློབ་གླིང་ཏང་ཚན་ཁག་གི་ཁོངས་མི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་མྱོང་ཚོར་གླེང་བ་དང་། དམིགས་ཚད་དང་རེའུ་མིག་ལ་གནད་དོན་ཞིབ་བཤེར་བྱས་ཏེ་གནད་དོན་དག་ཐེར་བྱ་ཐབས་དང་ཕྱིན་ཆད་ཀྱི་འབད་བརྩོན་ཁ་ཕྱོགས་བཏོན་པ་རེད།
ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རིམ་པ་གཉིས་པའི་སྐོར་གཟིགས་པ་མཱ་ཡོན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་ནས་ཆབ་སྲིད་དང་། ལོ་རྒྱུས། ལག་ལེན་བཅས་སྲུང་ཚད་གསུམ་གྱི་ཐོག་ནས་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས"གཏན་འཁེལ་གཉིས"ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་དང"སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་བྱེད་ཐུབ་པ་བྱ་དགོས་པ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ་མཐའ་འཁྱོངས་ཏེ་བསམ་བློའི་ངོས་འཛིན་དང་། ལས་ཀའི་སྤྱོད་ཚུལ། འགན་འཁུར་ལས་སྒྲུབ། སྤྱོད་གཙང་རང་གཅུན་སོགས་ཀྱི་ཐད་ནས་གནད་དོན་འཚོལ་ཞིབ་དང་། གནད་དོན་འབྱུང་བའི་བསམ་བློའི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། རང་ངོས་དང་ཕྱི་རོལ་ཡུལ་ཕྱོགས་གཉིས་ནས་དག་ཐེར་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་། ལས་སྒྲུབ་ལས་སྐྲུན་གྱི་འབད་ཕྱོགས་འཆུག་མེད་འཚོལ་བ། བདེན་འཚོལ་དོན་གཉེར་གྱི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་སྦྱོང་བརྡར། སྤྱོད་གཙང་རང་གཅུན་གྱི་སྲིད་སྐྱོང་མཐིལ་ཚད་སྲུང་བ་བཅས་བྱ་དགོས་པ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མགོ་ཁྲིད་ལས་བྱེད་པས་ནུས་པ་འདོན་སྤེལ་ཡག་པོ་བྱ་དགོས་པ་དང་། བསམ་བློ་ཆབ་སྲིད་ཀྱི་མཚོན་ཚུལ་དང་ལས་ཀའི་གྲུབ་འབྲས། སྤྱོད་གཙང་རང་གཅུན། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སོགས་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་དུ་བརྩིས་ནས་མི་བཀོལ་སྤྱོད་བྱེད་ཕྱོགས་འཐུས་སྒོ་ཚང་དུ་གཏང་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་དམིགས་ནས་སྲིད་འགན་ལག་རྗེས་འདུ་ཤེས་ནོར་འཛོལ་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་། སྤྱོད་གཙང་གཞུང་དྲང་། ལས་སྒྲུབ་ལས་སྐྲུན་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བསྟན་པ་རེད།།
( ཨོ་རྒྱན་གྱིས་བསྒྱུར།)
