སྤྱི་ཟླ4པའི་ཚེས15ཉིན། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཅུ་གཅིག་པ་ཤར་བའི་སྐབས་སུ་དཀར་མཛེས་ཁུལ་གྱིས་དར་མདོ་མཛའ་གཞས་ཐང་ཆེན་དུ"4·15"རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་གཅིག་བསྡུས་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོ་ལ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དྲིལ་སྒྲོག་བྱ་རྒྱུ་གཙོ་བོར་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱང་སྐྱོད་ལམ་བུ་གསར་པ་སྐྱོང་བའི་ལོ་འཁོར་གཙོ་དོན་ལ་དམ་པོར་དམིགས་ནས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་དྲིལ་སྒྲོག་སློབ་གསོ་སྤེལ་ཏེ། དུས་རབས་གསར་པའི་འོག་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་སྟོབས་ཤུགས་མངོན་ཞིང་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།
ལས་ཁུངས་ཀྱི་ལས་བྱེད་པ་དང་དྲག་ཆས་ཉེན་རྟོག་པ། སློབ་མ་དང་དེ་བཞིན་མི་རིགས་ཁག་གི་མང་ཚོགས་སོགས་མཉམ་དུ་འཛོམས་ནས་བརྗིད་ཉམས་ལྡན་པའི་རྒྱལ་དར་སྒྲེང་བའི་མཛད་སྒོའི་ཁྲོད་བྱེད་སྒོ་འགོ་བཙུགས་པ་རེད། དཀར་མཛེས་ཁུལ་རྒྱལ་ཁབ་བདེ་འཇགས་ཅུས་ཀྱི་སྒྲོག་འགྲེལ་པས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཤེས་བྱར་འགྲེལ་བཤད་བྱས་ཤིང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཡུལ་དངོས་ཀྱི་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་བ་རེད། ཁུལ་འཕེལ་བསྒྱུར་ཨུ་ལྷན་གྱི་སྒྲོག་འགྲེལ་པས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ནས"ལོ་ལྔའི་འཆར་འགོད་བཅུ་བཞི་པའི"རིང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་བདེ་འཇགས་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་ཕྱོགས་ཡོངས་ནས་བསྒྲགས་པ་དང་། "ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"འཆར་འགོད་ལས་ཀའི་འཕེལ་རྒྱས་འཆར་གཞིར་རྒྱང་ལྟ་བྱས་ཏེ་མང་ཚོགས་ལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོའི་ཤེས་བྱ་ཁྱབ་གདལ་གཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོར་ཆབ་སྲིད་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། དྲ་བའི་ཨང་ཀི། སྤྱི་པའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ཆེན་པོ་བཅུའི་སྒྲོག་འགྲེལ་ཚོ་ཆུང་གིས་དཔེ་མཚོན་གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱ་ཡུལ་བཙུགས་པ་དང་། སྡེ་ཚན50ལྷག་དང་སྒྲོག་འགྲེལ་པ་དང་དང་བླངས་པ120ལྷག་དེའི་ནང་ཞུགས་ཏེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་ཡོད།
ཕྱི་དྲོར། "ཀྲུང་གོའི་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཚན"རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། དམག་ཞབས་ནས་ཕྱིར་འཐེན་པའི་དམག་མི་དང་ཉིང་རྡུལ་བདེ་འཇགས་ཀྱི་ཚན་རིག་ཁྱབ་གདལ་རྩོམ་པ་པོ། དེ་བཞིན་དཀར་མཛེས་ཁུལ་རྒྱལ་ཁབ་བདེ་འཇགས་ཅུས། ཁུལ་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་བཅས་གདན་དྲངས་ཏེ་ཟུར་ཚད་མི་འདྲ་བའི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་གསལ་འགྲེལ་བྱས་པ་དང"སྒྲོག་འགྲེལ་དང་དྲི་བ་དྲིས་ལན"ཐོག་ནས་སྤེལ་རེས་དང་། ཁུལ་ཁོངས་ཁེ་ལས་དང་ལས་ཞུགས་རྣམ་པ་གསར་པའི་ལས་བཟོའི་འཐུས་མི་དང་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་ཀྱི་འཐུས་མི160ལྷག་དེའི་ནང་ཞུགས་ཤིང་མཉམ་འགུལ་ཧུར་ཐག་བྱ་རྒྱུར་སྐུལ་སློང་བྱས་པ་རེད། གཞན་ཡང་ས་གནས་དེ་གའི་ཁེ་ལས་ཀྱིས་རང་འགུལ་ངང"རྒྱལ་ཁབ་ཀྱི་བདེ་འཇགས་མི་ཚང་མར་འགན་འཁྲི་ཡོད་པའི"སྤྱི་ཚོགས་འགན་འཁྲི་ལག་ལེན་བསྟར་ཏེ"རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་བདེ་འཇགས་ཀྱི་འགོག་སྲུང་ར་བ་བརྟན་དུ་གཏོང་བ"དང"རྒྱུན་མཁོ་ཤེས་བྱ་ཁ་གསབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དམངས་ཕན་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁུལ་ཡོངས་སུ་བྱེད་སྒོ་སྤེལ་ཡུལ་ཁྱོན18བཙུགས་ནས་གཅིག་བསྡུས་སྒྲོག་འགྲེལ་དང་རྒྱུན་གཏན་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོ་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས"ཕྱོགས་བདུན་ལ་སྤེལ་བའི"བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་གཞི་རིམ་དུ་ཁྱབ་པ་དང་། མི་སེམས་ལ་འཇགས་པར་སྐུལ་འདེད་ནུས་ལྡན་བཏང་སྟེ"རྒྱལ་ཁབ་བདེ་འཇགས་དེ་མི་ཚང་མར་འགན་འཁྲི་ཡོད་པ་དང་ཚང་མས་འགན་འཁུར་དགོས་པ"བཅས་ཀྱི་ཁོར་ཡུག་བཟང་མོ་ཞིག་སྔར་བས་བསྐྲུན་པ་དང་། དཀར་མཛེས་ཁུལ་གྱིས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏང་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་ཆེད་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད།།( ཡེ་ཤེས་དང་རྟ་མགྲིན་རྡོ་རྗེས་བྲིས་ཤིང་པར་བླངས།)
