སྲིད་འགན་ལག་རྗེས་འདུ་ཤེས་ཞེས་པ་ནི་སྲིད་འགན་ལག་རྗེས་ཀྱི་རྩ་བའི་ལྟ་བ་དང་སྤྱིའི་སྣང་ཚུལ་ཡིན་ཞིང་། འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་སྲིད་འཛིན་བྱ་སྤྱོད་ཁྲོད་ཀྱི་མཚོན་སྟངས་ཞིབ་ཕྲ་ཡིན་ལ། མགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བ་དང་ལས་དོན་སྒྲུབ་པ། བྱས་རྗེས་འཇོག་པ་བཅས་ལ་བརྟེན་ནས་ལག་རྗེས་མིག་མཐོང་ལག་ཟིན་ཐོབ་པའི་མཚོན་ཚུལ་ཐད་ཀ་ཡང་ཡིན། སྲིད་འགན་ལག་རྗེས་འདུ་ཤེས་ཅི་འདྲ་ཞིག་ཡོད་པ་ལས་ཏང་མི་ལས་བྱེད་པའི་རིན་ཐང་འཛིན་ཕྱོགས་དང་ཏང་གཤིས་སྤྱོད་ཚུལ་མངོན་ཐུབ་པ་རེད།
སྲིད་འགན་ལག་རྗེས་སུའི་ཆེད་དུ་གཞག་དགོས་པའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གུང་ཁྲན་ཏང་མིས་དམངས་ཀྱི་ཆེད་དུ་བདེ་སྐྱིད་གཉེར་བ་སྲིད་འགན་ལག་རྗེས་ཆེས་ཆེ་བར་བརྩི་རྒྱུ་དེ་ནམ་ཡང་བརྗེད་མི་རུང་ཞེས་གསུངས་པ་ལས། སྲིད་འགན་ལག་རྗེས་སུའི་ཆེད་དུ་གཞག་དགོས་པའི་དྲི་བར་ལྟ་བ་གསལ་སྟོན་གྱི་སྒོ་ནས་ལན་གནང་ཡོད།
སྲིད་འགན་ལག་རྗེས་མཐའ་དག་གི་ཁོངས་གཏོགས་ས་དང་དོན་སྙིང་ནི་ངེས་པར་མི་དམངས་ལ་དམིགས་དགོས། མི་སེམས་འགུགས་པ་དང་མི་སེམས་གསོ་བ། མི་སེམས་བདེ་བའི་བྱ་བ་སྒྲུབ་པ་ནི་གུང་ཁྲན་ཏང་མིའི་སྲིད་འགན་ལག་རྗེས་ཡིན།
འོ་ན་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་ཅི་འདྲ་བྱ་དགོས་པ་རེད་ཟེར་ན། སྲིད་འགན་ལག་རྗེས་ནི་ལས་དོན་ཕྱོགས་བསྡོམས་ཁྲོད་དུ་ཡོད་པའི་ཨང་ཀིའི་མང་ཉུང་རྐྱང་པ་མ་ཡིན་པར་མི་དམངས་མང་ཚོགས་ཀྱི་བཞིན་རས་སུ་མངོན་པའི་འཛུམ་མདངས་ཡིན་པས། མི་དམངས་ཀྱི་ལངས་ཕྱོགས་མཐའ་གཅིག་ཏུ་མི་འགྱུར་བར་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་དང་ཁ་ཚ་དགོས་གཏུག། ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅད་པ་དེ་ལས་དོན་ཚང་མའི་ཨང་དང་པོར་གཞག་དགོས། མང་ཚོགས་ཀྱི་ངོས་ནས་བསམ་བློ་བཏང་སྟེ་ལས་དོན་ཇུས་འགོད་དང་སྐུལ་འདེད་བྱ་དགོས་ཤིང་། མང་ཚོགས་ལ་བློ་ཁ་གང་ཡོད་མེད་དང་སེམས་པ་དགའ་ཡོད་མེད། ཁས་ལེན་དང་མི་ལེན་སོགས་ཡང་ཡང་དྲི་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པའི་ལག་རྗེས་བཟང་ངན་གྱི་ཚད་འཇལ་བྱེད་གཙོ་བོ་ནི་མང་ཚོགས་ཀྱི་ཁ་ལས་ལ་བལྟ་དགོས་ཞེས་བསྟན་ཡོད། སྲིད་འགན་ལག་རྗེས་ཀྱི་དཔྱད་གཅོད་དབང་ཆ་མི་དམངས་ལ་ཡོད་ཅིང་མང་ཚོགས་ཀྱི་བློ་ཁ་གང་བ་ནི་སྲིད་འགན་ལག་རྗེས་རིན་ཐང་གཞལ་བའི་ཚད་གཞི་མཐོ་ཤོས་ཡིན། སྲིད་འགན་ལག་རྗེས་ནི་སྙན་སེང་ནང་དུ་བྲིས་པའི་ཕྱི་ཚུལ་རྩོམ་ཡིག་མིན་གྱི། མང་ཚོགས་ཀྱི་མིག་མཐོང་ལག་ཏུ་ཟིན་པའི་དམངས་སེམས་འདུ་འགོད་ཡིན། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་ནི་གཏམ་སྙན་གྲགས་དང་ཐོབ་གོ་ས་ཡོང་འདོད་ཀྱི་རང་འདོད་རྩད་ནས་དོར་ཏེ། དུས་ནམ་ཡང་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་གཉེར་བ་སྲིད་འགན་ལག་རྗེས་ཆེ་ཤོས་སུ་བརྩི་བ་དང་། དངོས་ཡོད་གནས་ཚུལ་རྟོག་ཞིབ་དང་བྱེད་ཐབས་གོ་ཆོད་སྤྱོད་པ། དོན་དངོས་གཉེར་བ། ཕན་འབྲས་ལ་བརྩོན་པ་བཅས་བྱེད་ཅིང་། དངོས་སྒྲུབ་འགན་ཁུར་གྱིས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་གྲུབ་འབྲས་དང་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་ཀྱི་ཁ་ལས་འཐོབ་པ་བྱ་དགོས་སོ།།
( སྐལ་ཐུབ་ཀྱིས་བྲིས།)
