ནམ་ཟླའི་འཁོར་ལོ་རིམ་གྱིས་འགྱུར་བཞིན་ན།།
ལན་ཆགས་ཅན་ལ་ཞིབ་མོས་རོལ་མོ་དཀྲོལ།།
ལས་སྣང་ཐན་ཐུན་བདེ་བའི་ཀློང་དུ་བཅུག།
ཡི་གར་འོང་བའི་དུས་ཀྱི་ཤེས་བྱའི་ཚོགས།།
མདོག་ཁ་ཐོགས་ཏེ་ཚུགས་ཀ་གཞན་ལ་བརྗེ།།
དཔྱིད་ཀའི་རང་གཟུགས་ཅི་འདྲའི་ཡག་པ་ཨེ།།
ཞེ་རུ་འཁོར་བ་བདག་གི་གཤིས་སུ་ཆགས།།
དགུན་གྱི་ཟླ་བ་འདི་ནས་ཕར་ལ་བསྐྱལ།།
རླུང་བུའི་གསེང་ནས་ཆར་པའི་ངང་ཚུལ་ཤར།།
ལྗང་མདོག་གོན་པའི་དཔྱིད་ཟླ་ཚུར་དུ་ཐོན།།
ཁུ་བྱུག་སྔོན་པོ་མོན་ནས་སླེབས་པ་ཡིན།།
འབྲུ་སྣ་ཀུན་གྱིས་འགོ་ལྕོག་ལྡེམ་ལྡེམ་གཡོ།།
སྐྱེད་མོས་ཚལ་ནས་མེ་ཏོག་འཛུམ་དམུལ་ལེ།།
དཔྱིད་ཀའི་སྣང་བ་ཡག་ཅིང་སྐྱིད་པ་ཨང་།།
སྒྱུ་འཕྲུལ་ལྷ་མོས་གར་གྱི་རྣམ་པ་འཁྲབ།།
སྤྲིན་པ་ལན་བུ་བར་སྣང་ཁམས་སུ་རྒྱུད།།
འབྲུག་སྐད་ལྡ་ལྡིར་རང་བྱུང་དབུས་སུ་གྲག།
ཆར་སྤྲིན་ལྷན་དུ་འཇའ་ཡི་གུར་ཁང་ཕུབ།།
སྐྱེ་བོ་ཀུན་གྱི་ཞེ་སྙིང་བདེ་བར་བཀོད།།
མདོག་ཁ་ཡག་པའི་ལས་ལ་ཡིད་སྨོན་འཆང་།།
དཔྱིད་ཀྱི་ཟླ་བར་མཛེས་པ་ཀུན་གྱིས་ཕྱུག།
༼ ཁམས་འོད་གསལ། ༽
