国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ།

སྤྲིན་བ་གམ་བརྩེགས་པའི་ཁང་བཟང་ནས།།

འབྲུག་རྔ་གསང་སྙན་མོ་ལྡི་རི་རི།།

ཆར་ཟིལ་མ་འཇམ་སེར་སིམ་སིམ་འབབ།།

མཛེས་མེ་ཏོག་ཞལ་ཁ་དལ་གྱིས་འབྱེད།།

ནམ་ཟླ་དྲོད་ལ་སླེབས་ཤིང་ནམ་མཁའ་སྔོ་ཞིང་སངས་ལ་ཁ་བ་འདབ་མའི་རོལ་རྩེད་རེ་ཞིག་ངལ་གསོས་ཏེ་འཇམ་ཅག་གེར་བཞུགས། རྒྱ་སྟག་ནགས་ནས་མཆོང་འདྲའི་དགུན་གྱི་གྲང་ངར་ཡང་རྒྱང་བཀྱེད་པས་བྱ་ཁུ་བྱུག་ལྷོ་ནས་ཕེབས་ཏེ་གྲེ་ཆུང་ངག་གི་དབྱངས་རྟ་སྙན་མོ་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་གྲགས་ཤིང་། ཉ་གསེར་མིག་ཀྱང་དར་འཁྱག་ཟབ་མོའི་སྦུབ་རྒྱ་ལས་གྲོལ་ཏེ་འཁྱུག་རྩལ་ངོམ། སྡོང་ལོ་སེར་པོའང་འཆིང་སྒྲོག་ལས་ལྷོད་དེ་ལྭ་བ་ལྗང་ཁུ་ཞིག་བཀླུབས་ནས་ཕེབས་བྱུང་ལ། བྱ་བྱེའུ་འབའ་འབུ་རྣམས་ཀྱང་གཉིད་ཀྱི་ཞིང་ཁམས་ནས་སད་དེ་སྟངས་སྟབས་ཀྱི་གར་ལ་རོལ། སྔོ་ལྗང་གཡུ་ལོ་བཀོད་པའི་སྤང་ཐང་སྦྲ་ནག་པོས་བརྒྱན་པའི་འབྲོག་སྡེ་ན་རྟ་ནོར་ལུག་གསུམ་ལྷས་ནས་བཀྲམ་ཞིང་། ཆུང་བེའུའི་ངུར་སྐད་ཐོག་མར་གྲགས་ལ།ནོར་འབྲི་གཡག་གི་ཁུ་ལུ་དལ་གྱིས་ཐོར་ཏེ་འབྲོག་བུ་མོའི་ངོ་ལ་འཛུམ་མདངས་རྒྱས་ཤིང་དབྱངས་གྲེ་འགྱུར་སྙན་མོའི་རྫི་གླུ་ངང་གིས་གྱེར། སྡེ་སྨུག་ཞགས་འཁྱིལ་བའི་སྨད་རོང་གི་མཐའ་མི་མངོན་ཞིང་ས་གཤིན་པོ་རུ་སྔོ་ལྗང་གི་མྱུ་གུ་འབུས་ཤིང་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་ལ། འབྲུ་སྣ་ལྔས་བང་མཛོད་དགང་བའི་རྟེན་འབྲེལ་འགྲིག།

རྟ་ནོར་ལུག་ཤ་ཤེད་རྒྱས་པ་དང་།།

དཀར་འོ་མའི་རྒྱ་མཚོ་འཁྱིལ་ནས་བྱུང་།།

ཞིང་གཤིན་པོར་ལྗང་ལོ་ཐགས་སུ་བཀྲ།།

འབྲུ་སྣ་ལྔའི་འཕེལ་ཁ་དར་བའི་རྟགས།།

༼ མིག་དམར། ༽