国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀའི་སྨྲེང་བ།

ནམ་ཟླ་དཔྱིད་ཀའི་དཔལ་ཡོན་གཤིས་སུ་སྨིན་པས།།

ཁུ་བྱུག་འགྱུར་སྐད་སྙན་མོས་རི་ལུང་ཁྱབ་དུས།།

སེམས་ཀྱི་རྒྱབ་རི་སྨུག་པོ་བརྩེ་བའི་ཡབ་ཆེན།།

ང་ཡི་དཔྱིད་ཀའི་རྨི་ལམ་ལན་མང་བརྐུས་སོང་།།

མེ་ཏོག་སད་ཀྱིས་བཅོམ་པས་བུང་བའི་སེམས་པ།།

སྨྲེང་བའི་སྨག་རུམ་བཏུམས་པའི་ལོ་ཟླ་མི་གླེང་།།

འཇིག་རྟེན་སྣང་བའི་གྲོང་ནས་འདང་ཆེན་ཕ་ལོ།།

གྱེས་གདུང་ན་ཟུག་ལྕི་མོ་སེམས་ཀྱིས་མི་བཟོད།།

སྣང་བའི་རི་གྲོང་ནང་ནས་ནར་སོན་ལོ་ཟླར།།

ཕ་བུ་ལྷན་དུ་འཚོ་ཡང་རིན་ཐང་མ་ཚོར།།

ཁྱོད་ཀྱི་ཚེ་ཡི་མར་མེ་གཟིམ་པའི་ཉིན་ནས།།

ཡིད་ཀྱི་ནམ་མཁར་དྲན་གདུང་ཟླ་བ་བྲིས་ཡོད།།

ཡུན་ཐུང་མི་ཡི་མི་ཚེ་དབྱར་ཁའི་སྣང་བ།།

སྐྱེ་འཆི་ས་ཚིགས་གཉིས་ཀྱི་བར་ཐག་མི་རིང་།།

འདུ་འབྲལ་གདུང་བས་མནར་གཅོད་བསམ་གཞིག་བཏང་ན།།

དགའ་སྐྱིད་ལྷན་འཛོམས་དག་ལ་སྙིང་པོ་མ་མཐོང་།།

སེམས་པའི་རི་ཀླུང་སྨྲེང་བའི་ན་བུན་འཁྲིགས་ནས།།

ངེས་མེད་གནས་ཉུལ་འཁྱམ་པོའི་དྲན་རིག་རྒོད་པོས།།

ཞི་བའི་བས་མཐར་སྙན་ངག་ཟླ་བ་བྲིས་ཏེ།།

ནས་ཀྱི་ཆང་ཕོར་ནང་ནས་རང་ཉིད་བཙལ་ཡོད།།

ཨ་མའི་མིག་ཆུའི་སྐྱེལ་ཆང་སེམས་ཀྱིས་འཐུང་ཞོར།།

ན་ཟླའི་གྲོགས་ཀྱིས་གྱེས་ཕྱག་འཛུམ་གྱིས་བསུས་ཏེ།།

ཆ་མེད་སྡེ་མཐའ་ཞིག་ན་ཁེར་བུར་ཆས་དུས།།

འདས་པོ་ཡབ་ཆེན་དམ་པ་དྲན་པར་འཁོར་བྱུང་།།

༼ དབྱངས་ལྡེའུ། ༽