ཟླ་བཅུ་པ་དང་བསྡུར་ན་ད་ནི་ཉི་མ་ཧ་ཅང་རིང་འདུག
གནམ་གཤིས་ཇེ་དྲོར་ཕྱིན་ཏེ་ས་གཞི་ལའང་དྲོད་འཁོར།
མཆོང་རི་སྨུག་པོར་འཁྲས་པའི་མི་གཙང་བའི་འཁྱག་རོམ་དག་ཀྱང་།
རྫ་ཆུ་བསིལ་མའི་འགྲམ་ངོགས་སུ་ཆགས་པའི་དར་དང་འདྲ་བར།
ད་ནས་ག་ལེར་ཞུ་ཞིང་ཤུལ་མེད་དུ་ཡལ་སོང་ན་བསམ།
ཞིང་པ་ཚོས་ལོ་ཏོག་གི་ཆེད་དུ་རྣང་ཞིང་ལ་རྔུལ་ཆུ་གཏོར་ཞིང་།
འབྲོག་པ་ཚོས་དཀར་གསུམ་གྱི་ཕྱིར་དུ་རི་འགོ་ནས་རྫི་གླུ་ལེན།
དཔེ་ཆའི་ཤོག་ལྷེ་རེ་རེའི་ཉིན་སྲུབ་ཉུལ་བཞིན་པའི་ང་ལ།
འབྲུ་དྲུག་གི་རི་བོའི་པང་ན་འོ་མའི་རྒྱ་མཚོ་འཁྱིལ་བའི་འདོད་རྔམ་མེད་ཀྱང་།
རེ་སྨོན་གྱིས་གཅུད་པའི་བདག་གི་སྐྱེད་མོས་ཚལ་ཆུང་ཆུང་དུ།
རང་ཉིད་མྱུ་གུ་བཞིན་འབུས་ཤིང་མེ་ཏོག་བཞིན་ག་ལེར་བཀྲ་ཐུབ་ན་བསམ།
སྐབས་རེར་ཆར་འབྲུ་རྡོག་མ་ཁ་ཤས་རེ་ལྷུང་ཡོང་ཞིང་།
ལན་རེར་ཁ་བ་ཡང་ལྷབ་ལྷུབ་ཏུ་འབབ་པའི་དུས་འདིར།
ཁྱོད་རང་ཁ་བ་དང་ཆར་པའི་ཟོལ་གྱིས་བདག་གི་གཞིས་ཀར་
འབབ་མི་ཡོང་མོད།
ལུས་སེམས་ཅུང་ཉོབ་པའི་དུས་ཚིགས་འདི་བརྒལ་རྗེས།
འུ་གཉིས་ལ་དབྱར་རུ་འབབ་སའི་མཚེར་ས་གྲུ་བཞི་ཞིག་ཡོད་ན་བསམ།
འུ་གཉིས་ལ་གླིང་ག་གཏོང་སའི་སྤང་ལྷེ་ཆུང་ཆུང་ཞིག་ཡོད་ན་བསམ།
༼ གཞི་ཚང་ཟླ་བ་གྲགས་པ། ༽
