国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པ་གྲོལ།

6945_01B_20260418སྤྱི་ཟླ4པའི་ཚེས17ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྕགས་ཟམ་རྫོང་དུ་གྲོལ་བ།

སྤྱི་ཟླ4པའི་ཚེས17ཉིན་གྱི་སྔ་དྲོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྕགས་ཟམ་རྫོང་དུ་གྲོལ་བ་རེད། སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་དགོས་པའི་འཐུས་མི274དང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་མཇུག་བསྒྲིལ་ཚོགས་འདུར་དངོས་སུ་འཐུས་མི252ཞུགས་ཡོད། ཁྲིམས་བཀོད་མི་གྲངས་དང་མཐུན་ཡོད། ཁུལ་ཨུའི་ཧྲུའུ་ཅི་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་བཅས་ཡིན་པའི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་དང་། ཝང་ཡུས་ཆུང་། ཀའོ་ཀྲན། ཝང་ཞིང་ཆོན། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥུང་། རིན་ཆེན་། ཝང་ཆང་། ཞའོ་ཀྲི་ཧུང་། རྡོ་རྗེ། དབྱང་ཧུའེ་ཆིན། ཁྲེན་ཀྲི་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ད་ཐེངས་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་གཞིར་བཟུང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཚོགས་ཆེན་ཐོག་མིང་མི་འགོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་དེ་དབྱང་ཧུང་ཧྲོའུ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་པ་རེད།

ཚོགས་འདུར་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། ཚོགས་ཞུགས་འཐུས་མིའི་ཐུན་མོང་གི་བདེན་དཔང་འོག། དབྱང་ཧུང་ཧྲོའུ་ཡིས་རྩ་ཁྲིམས་དམ་བཅའ་བཞག་པ་དང་འབྲེལ་ཁས་ལེན་གཏམ་བཤད་ཀྱང་གནང་བ་རེད།

གྲོས་རིམ་གྲུབ་རྗེས་ཀྲའོ་པོ་ཡིས་གསུང་བཤད་གནང་བ་རེད། ཁོང་གིས་ད་ཐེངས་ཀྱི་ཚོགས་ཆེན་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ། ཁྲིམས་ལྟར་འདེམས་བསྐོ་ནན་པོ་བྱས་པས་དར་ཆ་མཐོན་བསྒྲེངས་དང་མཐུན་སྒྲིལ་མདུན་སྐྱོད། སྤྱོད་གཙང་སྲོལ་བཟང་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཚོགས་འདུའི་རིང་འཐུས་མི་རྣམ་པས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གང་ལེགས་མངོན་ཡོད། བློ་མཐུན་དབྱང་ཧུང་ཧྲོའུ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་ཐོན་བྱུང་བ་དེ་ནི་འཐུས་མི་ཡོངས་ཀྱི་ཡིད་ཆེས་ཡིན་ལ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་མངགས་བཅོལ་གལ་ཆེན་ཞིག་དེ་བས་ཀྱང་རེད། ( པར་ངོས་གཉིས་པར་གཟིགས།)