སྤྱི་ཟླ4པའི་ཚེས14ནས16ཉིན་བར། ཀྲུང་གོ་དྲ་བའི་ཉན་ལྟ་ཚོགས་ཆེན་སྐབས་བཅུ་གསུམ་པ་ཁྲེང་ཏུའུ་རུ་འཚོགས། ཚོགས་ཆེན་དུ2025ལོ་འཁོར་དྲ་བའི་ཉན་ལྟ་བརྩམས་ཆོས་ཕུལ་བྱུང་འགྲེམ་སྤེལ་མཛད་སྒོ་སྤེལ། ཡུལ་དངོས་ནས་ལོ་འཁོར་གྱི་བརྩམས་ཆོས་ཕུལ་བྱུང50དང་དེ་བཞིན་རྩ་འཛུགས་ལས་ཁུངས་ཕུལ་བྱུང15ཡོངས་བསྒྲགས་བྱས་ཡོད་པ་རེད། དེའི་ཁྲོད་འབའ་ཐང་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་བཟོས་ཤིང་། ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་འོས་སྦྱོར་བྱས་པའི་དྲ་བའི་དངོས་ཟིན་གློག་བརྙན《མི་ཚེ་པི་ཝང་སྙན་མོར་འགྲོག། ལོ་ངོ་དྲུག་ཅུར་འབད་པ་བྱས།།》ཞེས་པ་དེ་བརྩམས་ཆོས510ཡི་ཁྲོད་ནས་འབུར་དུ་ཐོན་ཏེ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། འདི་ནི་ཁུལ་ཡོངས་ཀྱི་འགྲན་ཞུགས་བརྩམས་ཆོས་དག་ལས་བྱ་དགའ་ཐོབ་པའི་བརྩམས་ཆོས་གཅིག་པུར་གྱུར་ཡོད་པ་རེད།
ཐེངས་འདིའི་ཚོགས་ཆེན་དུ་མཛེས་སྡུག་གི་རྩ་བ་དང་དུས་རབས་ཀྱི་མེ་ལོང་། བཟོ་པ་ཡི་གཟི་འོད་ཅེས་པའི་ལེའུ་ཆེན་མོ་གསུམ་གྱིས་གྲུབ་པར་བྱས་ཤིང2025ལོ་འཁོར་གྱི་སི་ཁྲོན་དྲ་བའི་ཉན་ལྟ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱས་པའི་གྲུབ་འབྲས་གཡུར་དུ་ཟ་བ་གཅིག་བསྡུས་ཐོག་མངོན་པར་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དྲ་བའི་དངོས་ཟིན་གློག་བརྙན《མི་ཚེ་པི་ཝང་སྙན་མོར་འགྲོག། ལོ་ངོ་དྲུག་ཅུར་འབད་པ་བྱས།།》ཞེས་པ་དེས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་འབའ་གཞས་རིག་གནས་ཀྱི་གཞི་རྟེན་གཙོ་བོ“པི་ཝང”བཟོ་བའི་ལག་རྩལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་ཡེ་ཤེས་དབང་གྲགས་ཀྱིས་ལོ་ངོ་དྲུག་ཅུར་འབའ་གཞས་སྒྱུ་རྩལ་བརྟན་སྲུང་བྱས་པ་གཙོ་རྐང་དུ་བྱས་ཏེ་ཕྲ་མཐོང་གི་ཟུར་ཚད་ཐོག་ནས་མི་རིགས་རིག་གནས་བརྒྱུད་འཛིན་བྱས་པའི་དུས་རབས་ཀྱི་གཏམ་རྒྱུད་བརྗོད་ཡོད།
གློག་བརྙན་ཧྲིལ་པོར་འབའ་གཞས་ཀྱི་ནང་དོན་ཟབ་མོ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཤིང་། གཟུགས་མེད་རིག་གནས་ཤུལ་བཞག་གི་ཡུན་རིང་གསོན་ཤུགས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་ཆབས་ཅིག་ད་དུང་སྤྱིར་བཏང་གི་བཟོ་པའི་ལས་འགན་དང་འགན་འཁུར་ལ་གུས་བཀུར་ཀྱང་ཞུས་ཡོད་པ་རེད།
ཐེངས་འདིར་བདམས་ཐོན་བྱུང་བའི་བརྩམས་ཆོས་ཕུལ་བྱུང50ལ་དྲ་བའི་ཟློས་གར་དང་། དྲ་བའི་དངོས་ཟིན་གློག་བརྙན། བརྙན་ཐུང་། དྲ་བའི་སྒྲ་ལམ། འགུལ་རིས་སོགས་བརྩམས་ཆོས་ཐོན་རྫས་རིགས་ཡོངས་སུ་འདུས་ཡོད་ཅིང་། བརྗོད་བྱ་ནི་སི་ཁྲོན་རིག་གནས་ཀྱི་རྩ་བར་དམ་པོར་དམིགས་ནས་སྲོལ་རྒྱུན་རིག་གནས་དང་དེང་རབས་མཛེས་དཔྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཡོད་པ་རེད་འདུག། ( ཨོ་རྒྱན་གྱིས་བསྒྱུར།)
