ཕ་ཡུལ་དུ་དཔྱིད་དཔལ་བཞད་བྱུང་།
སྔོ་ལྗང་རྩི་ཐོག་གསར་པའི་འཕྱོར་སྒེག་དང་ལང་ཚོ་ཡིས། ང་ལ་རང་དབང་མེད་པར་ཕ་ཡུལ་དྲན་དུ་བཅུག་སོང་།
ཕ་ཡུལ་ཞེས་པའི་ཡིག་འབྲུ་འདི་གཉིས་ནི་ཆེས་སྙིང་དུ་སྡུག་ཅིང་། ཕྱིར་རྟོག་གི་རྩྭ་ཐང་མཐའ་ཡས་པ་ཞིག་ཀྱང་རེད། དེས་ན་ངའི་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་གྱི་རྣམ་པ་དང་། རྟ་ནོར་ལུག་གསུམ་གྱི་བྱུང་བ། ད་རུང་དགའ་སྐྱོ་ཆགས་སྡང་གི་ཚོར་འདུ་གང་མང་ཞིག་ཕ་ཡུལ་གྱི་ཡུལ་ལུང་དང་རྩྭ་ཐང་ལ་སྦས་ཡོད་པས། ཕ་ཡུལ་ཞེས་པའི་ཡིག་འབྲུ་འདི་གཉིས་བརྗོད་དུས། རང་ཉིད་ཀྱི་བྱིས་དུས་དྲན་ཡོང་ལ། བྱིས་དུས་དྲན་ན་བག་ཡངས་དང་རྩེ་དགོད། རང་དབང་དང་པྲ་ཆལ་དག་རེ་རེ་བཞིན་དྲན་ནས་ཡོང་།
དེ་དུས་ང་ཕལ་ཆེར་ལོ་བདུན་བརྒྱད་ཙམ་ཡིན། ངེད་ཚང་གི་དཔྱིད་ས་ནི་ནག་ཧྲེ་མཐའ་རྩ་ཞེས་པའི་རྒྱབ་རི་མཐོ་ལ། ཁང་པའི་གཡས་གཡོན་དུ་དྭངས་བསིལ་ཆུ་མིག་རྡོལ་བ། མདུན་ལྗོངས་ཁོད་ཡངས་ཤིང་ཡོད་ཚད་མིག་འོག་ཏུ་ཆུད་ཐུབ་པ་ལྟ་བུའི་ཁོར་ཡུག་ཉམས་དགའ་བ་ཞིག་ཡོད། སྐབས་དེ་དུས་ངེད་ཚང་ལ་གཡང་དཀར་ལུག་ཁྱུ་མང་ཞིང་། ང་རང་ལུ་གུ་ལ་ལྷག་པར་བརྩེ་འདང་ཆེ། ཉིན་ཞིག་ལུ་གུ་ཆུང་ཆུང་ཞིག་ཤི་སོང་བས་མ་ལགས་ཀྱིས་ཐུ་གུས་ཁང་ངོས་ལ་བཏགས་ནས་བཤའ་གྲབ་བྱེད་ཀྱིན་པ་མཐོང་བས། ང་ཤེད་ཀྱིས་ངུས་ནས་བཤའ་མ་བཅུག་པས་ཨ་མས་ལུ་གུ་ཆུང་ཆུང་འདི་ཤི་སོང་བ་རེད། ད་གསོན་གྱི་མ་རེད་ཅེས་མགོ་ལ་བྱིལ་བྱིལ་བྱེད་ཅིང་གསོལ་འདེབས་ཡང་ཡང་བྱས་ན་ཡང་། ང་རང་ཁ་མ་ཉན་པར་ཨུ་ཚུགས་བྱས་ནས་ལུ་གུ་བཤའ་མ་བཅུག་པས། ཨ་མ་ལགས་ཀྱིས་ང་ཁྱིམ་དུ་ཁྲིད་ཅིང་ཕྱེ་ཕུར་ཞིག་བྱིན་ནས་སྒོ་བཏན་སོང་། ང་དེ་ལ་གཡེང་ནས་ཅུང་ཙམ་འགོར་རྗེས་ལུ་གུ་བཤས་ཚར་འདུག་པས་ངས་ཨ་མར་ལས་བདའ་དང་འཁང་ར་མང་པོ་བྱས། ང་རང་ལུ་གུ་ལ་ཧ་ཅང་དགའ། ཨ་ཅེ་ཚོས་བཤད་ན་ང་རང་ཆུང་དུས་ཀྱི་ལོ་ན་གཅིག་གཉིས་ཙམ་ལ་ལུ་གུ་པང་ནས་གང་སར་རྒྱུག་ཐུབ་པར་མ་ཟད། ལུ་གུའི་རྣ་ཅོག་ནུ་རྒྱུར་ཡང་དགའ་བོ་ཡོད་ཅེས་ཟེར། ལུ་གུ་ནི་ང་ཆུང་དུས་ཀྱི་རྩེ་རོགས་དང་དགོད་རོགས་ཡིན་ལ། ལུ་གུ་ནི་ང་རང་ཆུང་དུས་ཀྱི་སྐྱིད་རོགས་དང་སྡུག་རོགས་ཀྱང་ཡིན། ང་དང་ལུ་གུའི་གཏམ་རྒྱུད་ནི་སེམས་ཀྱིས་མྱངས་པ་ལས། ངག་ཏུ་ཤོད་དཀའ་བའི་ཚོར་འདུ་གཏིང་ཟབ་པ་ལྟ་བུར་འདུག་ཀྱང་། གཡང་དཀར་ལུག་དེ་གཡུང་དྭགས་གཞན་ཚོ་ལ་ལྟོས་ན་ཅུང་འཚོ་དཀའ་ཞིང་། ངེད་ཀྱི་ཕུ་བོས་ལུག་རྫི་བྱས་ནས་དཀའ་ལས་མང་པོ་མྱངས་རབས་ཀྱི་གཏམ་རྒྱུད་ཀྱང་ཡོད། སྤྱང་ཁྱིས་གསད་རྒྱུ་སླ་མོ་ཞིག་ཀྱང་ཡིན། མ་མོ་མེད་ན་ལུ་གུ་ཡང་ཡོད་མི་སྲིད་པས། རྗེས་མར་ངེད་ཚང་ལ་ལུག་ཅེས་པའི་སྙིང་ཉེ་བའི་གཡང་དཀར་དེ་རིམ་གྱིས་རིམ་གྱིས་མེད་སོང་། དེ་ནས་བཟུང་ང་དང་ལུ་གུའི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར། སློབ་ཆུང་གི་སྐད་ཡིག་སྦྱང་གཞིའི་ནང་དུ། “མ་མོ་ཆེ། ལུ་གུ་ཆུང་། མ་མོ་ལུ་གུའི་ཨ་མ་ཡིན”ཞེས་པའི་སློབ་ཚན་ཞིག་ངའི་ཡིད་ཡུལ་ནས་བོར་རྒྱུ་མི་འདུག །
དཔྱིད་དཔལ་སླེབས་བྱུང་། འཐག་མཁན་བུ་མོས་བྱང་ཆ་ཕུན་སུམ་ཚོགས་པའི་ངང་ནས་སྦྲ་རས་འགྲེམ་པ་དང་། ཐགས་འཐག་པ། དགོ་དགོ་དབྱངས་ལ་འགུག་བཞིན་འབྲི་མོ་བཞོ་བ་དང་། ལྕི་ལས་བྱེད་པ་སོགས། གསར་གཏོད་གྱི་རང་བཞིན་ལྡན་ལ། རང་ཁ་རང་གསོ་དང་། རང་རིགས་རང་སྐྱོང་། རང་འགན་རང་སྒྲུབ་ཀྱི་འདུ་ཤེས་དང་སྙིང་སྟོབས་སོགས་ལ་སོམས་དང་། འབྲོག་མོ་ཞེས་པའི་མིང་ཚིག་འདི་དེ་འདྲའི་སྤྱིར་བཏང་བ་ཞིག་མིན་པའང་གཞི་ནས་ཚོར་ཡོང་། ད་དུང་དེས་ག་ལ་ཚད། གཡོ་ཟོལ་མེད་པའི་ངང་རྒྱུད་དང་། རང་བཞིན་བཟང་བའི་གཤིས་ཀ། ཆོས་དང་འདྲེས་པའི་བསམ་བློ། རིགས་ཞེན་དཔའ་སྤོབས་སོགས་ཕྱོགས་གང་ཐད་ནས་བསམས་ཀྱང་། དེང་སང་གི་སློབ་ཆེན་སློབ་མ་ཞིག་གིས་ཁྱོད་ཀྱི་དོ་ཟླ་ག་ལ་འོང་།
ངའི་ཕ་ཡུལ་ལ་དཔྱིད་ཀ་སླེབས་བྱུང་། དཔྱིད་དཔལ་གསར་པའི་ལང་ཚོའི་མེ་ཏོག་གསར་དུ་འབུ་འགོ་བརྩམས་ཤིང་། སྔོ་ལྗང་རྩི་ཏོག་གི་མྱུ་གུ་གསར་དུ་བཞད་པའི་བསུང་ངད་ཀྱི་སྒྲེགས་པ་ཕྱོགས་སུ་འཐུལ་འགོ་བརྩམས།
དཔྱིད་གསུམ་དལ་འབབ་རིང་མོའི་ངང་རྒྱུད་ནི་ཤིན་ཏུ་རིང་སྟེ། དྭངས་གཙང་སྙོགས་མ་བྲལ་བའི་རང་གཤིས་དང་། མངར་བ། བསིལ་བ། འཇམ་པ། ཡང་བ་སོགས་ཡན་ལག་བརྒྱད་ལྡན་ཞེས་པའི་མིང་དོན་ལ་བསམས་ན། དོན་གྲུབ་རྒྱལ་གྱི<<ལང་ཚོའི་རྦབ་ཆུ།>>ཡི་བརྗོད་དོན་དེ་ཁྱེད་ཡིན་ན་ཅི་མ་རུང་སྙམ་པའི་ང་རྒྱལ་དང་ཕངས་སེམས་ཞིག་ཀྱང་འགོག་མེད་དུ་སྐྱེས་ནས་འོང་།
དཔྱིད་ཀྱི་བུ་མོའི་སྐད་ངག་གི་འགྱུར་ཁུགས་ལྷང་ལྷང་དུ་སྒྲོག་བཞིན། གཡུ་འབྲུག་སིང་སིང་གི་ལྡིར་སྒྲ་དང་བཅས་མཚམས་འཇག་རྒྱུ་མ་བྱུང་ལ།ཐུལ་དཀར་འབྲུ་མོས་ངུར་སྒྲ་སྒྲོག་བཞིན། གསར་དུ་བཙས་པའི་བེའུ་ཆུང་དག་སྔོ་རྩྭ་ཐང་གི་པང་ཁུག་ནས་འབྲུ་མོའི་ནུ་ཞོ་ལ་རོལ་ཞིང་། ཡིད་དུ་འོང་བའི་ཁང་བྱེའུ་དག་གི་ཅ་ཅོའི་སྙན་པ་ནི་ཆེད་དུ་བསྒྲགས་པའི་རོལ་དབྱངས་ཤིག་དང་ཅི་འདྲའི་མཚུངས་ཨང་།
དཔྱིད་དཔལ་གསར་པའི་ལང་ཚོའི་འགྱུར་བག་དང་། དཔྱིད་ཀྱི་བུ་མོའི་སྐད་ངག་གི་གྲེ་འགྱུར་དག་ནི་ཕན་ཚུན་འགྲན་པ་ལྟ་བུའི་མཚར་སྡུག་གིས་ཁེངས་ཤིང་། སྐྱེ་དངོས་ཡོད་ཚད་གསར་པ་གསར་པའི་གཟི་དཔལ་གྱིས་ཡོངས་སུ་བསྐྲུན་པའི་དཔྱིད་གསུམ་དུས་ཀྱི་དཔལ་ཡོན་ལ་བསམས་ན། དཔྱིད་དཔལ་ཞེས་པའི་མིང་ཚིག་དེ་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད།
དེ་བས། སླར་ཡང་རང་ཉིད་ཀྱི་བློ་རྩེ་རྣལ་དུ་ཕབ་ནས་དཔྱིད་དཔལ་གྱི་འཇོ་སྒེག་ལ་བསམ་གཞིག་དང་རོལ་མྱོང་ཐེངས་གཅིག་བྱ་དགོས་བྱུང་། ། ༼ འོ་སེ། ༽
