国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་དཔལ་མོ་ བཞད་སོང་།

དབྱིངས་ཀྱི་ཉི་གཞོན་འཛུམ་བརྒྱ་མཁའ་ནས་བཀྲ།།

ལྷོ་ཡི་སྤྲིན་དཀར་གནམ་མཐའི་མཚམས་སུ་ཆས།།

དྲི་བྲལ་སྔོ་བསངས་བུ་མོའི་བཞིན་རས་སྒེག།

ཡིད་འོང་དཔྱིད་དུས་དྲོན་འཇམ་ག་ལེར་ཐོན།།

རྒོངས་ཀའི་ཉི་ནུབ་མཚམས་སྤྲིན་ལྭ་བ་འཕྱང་།།

ཆར་སྤྲིན་འདྲེས་ནས་ཟིམ་ཟིམ་དལ་གྱིས་འབབ།།

ལྗོན་ཤིང་གཡོ་བཞིན་ཁ་དོག་ག་ལེར་བརྗེས།།

མཉེན་པའི་ལྡེམ་ལྡེམ་ཉམས་ཀྱི་ངང་ཚུལ་སྟོན།།

ཞིང་པས་འབྲུ་དྲུག་ས་བོན་རྨོས་འདེབས་བྱས།།

དཔྱིད་དཔལ་མངོན་བཞིན་ས་བོན་བཀྲ་ལ་བརྩོན།།

མེ་ཏོག་རྩི་ཤིང་འགོ་བོ་འབུས་པའི་ངང་།།

ཕྱི་ཡུལ་ཁ་དོག་སྔོ་བའི་མདངས་སྣེ་མངོན།།

དཔྱིད་རླུང་འཇམ་པོ་གང་ཕྱོགས་སྡང་དང་ལྷན།།

ཕྱི་ནང་དྲོན་ཁུལ་དཔལ་ཡོན་ཤར་བ་ཡིས།།

བྱ་བྱེའུས་ཚང་དུ་མི་སྡོད་འཕུར་དགའ་རྩེད།།

སྙན་པའི་མགྲིན་གླུ་འདོན་བཞིན་མཆུ་དག་སྦྱོར།།

ཤང་ཤང་ཆུ་ཕྲན་སྔོན་མོ་མདའ་ནས་བཞུར།།

ཤིག་ཤིག་ནགས་ཀློང་འགོ་ལྕོག་ཡང་ཞིང་ལྡེམ།།

ཚང་ཚིང་ནགས་མའི་གསེབ་ཀྱི་བྱ་ཁྱུ་ཡིས།།

དཔྱིད་དཔལ་དགའ་བའི་ཟློས་གར་བརྩེ་བྲོ་འཁྲབ།།

སྟོད་ཕྱོགས་རྫ་དཀར་བསྟར་ཕྲེང་བརྗིད་པར་རྔམ།།

སྨུག་ལོང་རྫ་འདབས་ཚོགས་ཀྱི་སྐེ་དཀྲིས་བཅིང་།།

དཔྱིད་གསར་ཚེས་པས་རི་དྭགས་ཁྱུ་ཚོགས་ཀྱིས།།

སྤྲོ་དགའི་མགོ་རྣ་གཡུག་བཞིན་རྫ་འདབས་ཉུལ།།

འཇམ་པའི་ཆར་ཞོད་དྭངས་མ་ཡུལ་དུ་འཇོ།།

བདག་མེད་སྡོང་ལོ་རྙིང་རུལ་ས་རུ་ཟགས།།

མཛེས་པའི་ལོ་མ་གསར་སྐྱེས་ལང་ཚོ་རྒྱས།།

དཔྱིད་འགོ་ཡིད་འོང་སྐྱེད་ཚལ་རང་ཤ་བརྟས།།

ལྷུང་ལྷུང་རྫ་ཆབ་དྭངས་མ་དལ་བུར་བཞུར།།

འདབ་ཆགས་སྐད་སྙན་རྫ་རི་ཀློང་ནས་འདོན།།

དཔྱིད་དུས་སྐྱེས་དངོས་སྣ་ཚོགས་འགོ་རྩེ་འབུས།།

ཁོ་ར་ཁོར་ཡུག་མཛེས་པ་དཔྱིད་ཀའི་དུས།།

དཔྱིད་དཔལ་གསར་དུས་མཛེས་སྡུག་མངོན་བཞིན་ན།།

རང་སེམས་ཚོར་བས་ཟིན་པའི་སྣང་ཚོར་གྱིས།།

ཀ་ཁའི་དབྱངས་ལ་བརྗོད་དོན་རབ་བསྐྱོན་ནས།།

དཔྱིད་དུས་འདྲ་མིན་ལྟད་མོ་ལན་གཅིག་སྦྱོར།།

༼ སྙན་རྐང་གླིང་། ༽