དཔྱིད་དཔལ་སྒེག་མོའི་ལང་ཚོ་ལ།།
ཟུར་མིག་བུང་བ་འཁོར་སྟངས་ཀྱིས།།
སྙན་ཚིག་སྙིང་གི་མེ་ཏོག་ཚོམས།།
མ་བྲིས་རང་བྱུང་ཁམས་ནས་རྡོལ།།
མྱུ་གུ་རྩེ་དམར་དལ་གྱིས་འབུས།།
ཆུ་བོའི་ན་བཟའ་རིམ་བཞིན་ཕུད།།
འདབ་ཆགས་བྱ་ཚོགས་ཅ་ཅོ་སྒྲོག།
རྩྭི་ཤིང་ནགས་ཚལ་ཀུན་ནས་རྒྱས།།
དུས་འདི་དུས་བཞིའི་མ་མ་བཞིན།།
བསམ་གཞིག་སྟོང་གི་དབུ་ཁྱུད་དང་།།
རེ་སྨོན་འབུམ་གྱི་གླེགས་བམ་སྟེ།།
མི་རྣམས་ཕུགས་བསམ་རེ་རེ་བསྐྱེད།།
རི་ཚོགས་ཞི་བའི་ཚུལ་གྱིས་ཉལ།།
གཞན་གསོས་བུ་མོ་སྙན་དབྱངས་མ།།
སྨིན་དྲུག་སོང་བའི་མཚེར་ཤུལ་ན།།
གྲགས་པའི་སྟ་གོན་ཡང་ཡང་བྱེད།།
གངས་ཆར་འདྲེས་མ་ལྷོད་ཀྱིས་འབབ།།
ཉི་འོད་རླབས་ཀྱིས་རླངས་པ་འདྲེན།།
སྨུག་པ་འཁྱིལ་བའི་ནོར་འཛིན་མ།།
མེ་ཏོག་ཁྲ་ཚོམ་བཞད་ལ་བྲེལ།།
དཔྱིད་གསར་གཞོན་ནུའི་ལང་ཚོ་འདྲ།།
རེ་བའི་འོད་སྟོང་འཁྲུངས་དུས་ཡིན།།
འཁོར་བའི་མཛེས་སྡུག་རེ་རེ་ཡང་།།
དཔྱིད་ཀ་འདི་ནས་རིམ་བཞིན་འབྱུང་།།
འབྲུག་ཆུང་ངར་སྐད་ལྡིར་རི་རི།།
སེམས་ལྡན་སྲོག་ཆགས་དགའ་ལྷང་ལྷང་།།
ང་ཡི་ཡིག་ཆུང་འདི་དག་ཀྱང་།།
སྣང་བའི་ཁམས་སུ་ཉུལ་ལི་ལི།།
དུས་ཀྱི་མཛེས་པ་ཇི་སྙེད་པ།།
དཔྱིད་གསར་ཟླ་བས་སྐྱེས་སུ་གནང་།།
ལོ་ཟླའི་བརྩེ་བ་ཇི་སྙེད་ཀྱང་།།
ཁྱོད་ཉིད་གཅིག་པའི་མངལ་དུ་སྦྲུམ།།
སྲོད་ཀའི་བསིལ་རླུང་འཇམ་པོའི་ཁྲོད།།
དཔྱིད་ཀའི་དྲི་ངད་ལྡང་དང་ལྷན།།
ཡུན་རིང་བསྒུགས་པའི་རྨི་ལམ་དག།
སྙན་མོ་དབྱངས་ལ་བསྐྱོན་ཙམ་བྱས།།
༼ འོད་འཛིན་མ། ༽
