国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ2026ལོའི་དུས་ཚིགས་དང་པོའི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར146.61ལ་ ཟིན་ནས་ན་ནིང་དུས་མཉམ་ལས་བརྒྱ་ཆ6.6འཕར།

ཉེ་ཆར། 2026ལོའི་དུས་ཚིགས་དང་པོའི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དུས་བབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དར་མདོར་འཚོགས་ཤིང་། ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་རྩིས་རགས་རིམ་ལས་ཁུལ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར146.61ལ་ཟིན་ཞིང་། དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ན་ནིང་དུས་མཉམ་ལས་བརྒྱ་ཆ6.6འཕར་བ་རེད། ན་ནིང་གི་དུས་ཚིགས་དང་པོ་དང་བཞི་པ་བསྡུར་ན་སོ་སོར་བརྒྱ་ཆའི་གྲངས1.2དང1.1མགྱོགས་སུ་ཕྱིན་ནས་འགོ་ཡག་པོ་བཙུགས་ཡོད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར7.66ལ་ཟིན་ནས་བརྒྱ་ཆ3.6འཕར་བ་དང་།ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར53.38ལ་ཟིན་ནས་བརྒྱ་ཆ7.9འཕར་བ།ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར85.57ལ་ཟིན་ནས་བརྒྱ་ཆ6.1འཕར་བ་རེད།

ཐོན་ལས་ནས་བལྟས་ན། ཞིང་ལས་ཐོན་སྐྱེད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་དུས་ཚིགས་དང་པོར་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ལ་རིན་ཐང་འཕར་མ་སྒོར་དུང་ཕྱུར8.43བྱུང་བ་དེ་དུས་མཉམ་ལས་བརྒྱ་ཆ3.6འཕར་བ། བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་སླར་གསོ་བྱུང་བ་དང་དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཉམ་ལས་བརྒྱ་ཆ10.1འཕར་བ། ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་ནས་དུས་ཚིགས་དང་པོར་ཐོན་ལས་གསུམ་པའི་འཕར་ཐང་དུས་མཉམ་ལས་བརྒྱ་ཆ6.1འཕར་བ་རེད།

མ་དངུལ་འཇོག་པའི་ཐད་ནས་བལྟས་ན། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་འགོ་ཚུགས་པ་ནུས་ལྡན་ཡིན་པས། དུས་ཚིགས་དང་པོར་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱས་ཚད་དུས་མཉམ་ལས་བརྒྱ་ཆ15.5འཕར་བ་དང་། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་འཇོག་བྱས་ཚད་དུས་མཉམ་ལས་བརྒྱ་ཆ81.8འཕར་བ་དང་། ཐོན་ལས་གཉིས་པར་མ་འཇོག་བྱས་ཚད་བརྒྱ་ཆ10.6འཕར་བའི་ནང་བཟོ་ལས་ལ་མ་འཇོག་བྱས་ཚད་བརྒྱ་ཆ10.6འཕར་བ་དང་། ཐོན་ལས་གསུམ་པར་མ་འཇོག་བྱས་ཚད་བརྒྱ་ཆ19.4འཕར་ཡོད་པ་རེད། ས་ཁང་བདག་ཁོངས་གསར་སྤེལ་ཐད་ནས་བལྟས་ན།ས་ཁང་བདག་ཁོངས་གསར་སྤེལ་ལ་མ་དངུལ་འཇོག་གྲངས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ48.6འཕར་བ་དང་།ཚོང་ཟོག་སྡོད་ཁང་གི་ཨར་ལས་རྒྱ་ཁྱོན་བརྒྱ་ཆ10.7འཕར་བ།ཚོང་ཟོག་སྡོད་ཁང་གི་ཕྱིར་འཚོང་རྒྱ་ཁྱོན་བརྒྱ་ཆ11.7ཆག་ཡོད།

འཛད་སྤྱོད་ཀྱི་ཐད་ནས་བལྟས་ན། ཚོང་རའི་འཛད་སྤྱོད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། དུས་ཚིགས་དང་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར32.71ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆ7.4འཕར་བ། དེའི་ནང་བཅད་གྲངས་ཡན་གྱི་རྩིས་གཞིའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར11.97ཟིན་ནས་བརྒྱ་ཆ17.3འཕར་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)