国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོའི་སྟོན་ཁ་ནས་བཟུང་སི་ཁྲོན་དམངས་གཉེར་མཐོ་རིམ་སློབ་གྲྭའི་འགྲོ་གྲོན་སྣ་ཁ་བཞི་ལས་མེད།

གསར་འགོད་པས་རྒྱུས་ལོན་བྱུང་བར་གཞིགས་ན། ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཉིན་ཤས་གོང་བརྡ་ཐོ་བཀྲམ་ནས2026ལོའི་སྟོན་དུས་ཀྱི་སློབ་འགོ་འཛུགས་པའི་ཚེ། རང་རེའི་ཞིང་ཆེན་གྱི་དམངས་གཉེར་མཐོ་རིམ་སློབ་གྲྭའི་འགྲོ་གྲོན་བསྡུ་བའི་རྣམ་གྲངས་སློབ་ཡོན་དང་། སྡོད་ཁང་གི་འགྲོ་གྲོན། ཞབས་ཞུའི་རང་བཞིན་གྱི་འགྲོ་གྲོན། ཚབ་བསྡུའི་འགྲོ་གྲོན་བཅས4ཡི་ཐོག་གཅིག་གྱུར་བྱས་པ་རེད།

བརྡ་ཐོ་ལྟར་ན། རང་རེའི་ཞིང་ཆེན་གྱི་དམངས་གཉེར་མཐོ་རིམ་སློབ་གྲྭའི་སྦྱངས་རབས་སློབ་གསོ་དང་། སྦྱངས་རབས་མ་ཡིན་པའི་སློབ་གསོའི་སློབ་ཡོན་དང་སྡོད་ཁང་གི་འགྲོ་གྲོན་མུ་མཐུད་དེ་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལྟར་བྱ་རྒྱུ་དང་། འགྲོ་གྲོན་བསྡུ་བའི་ཚད་གཞི་ཞིབ་ཕྲ་ནི་སློབ་གྲྭས་རང་བདག་གིས་གཏན་ལ་ཕབ་ཆོག། དེའི་ནང་ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་མཐོ་རིམ་སློབ་གྲྭའི་སྦྱངས་རབས་སློབ་གསོའི་སློབ་ཡོན་དང་སྡོད་ཁང་གི་འགྲོ་གྲོན་བསྡུ་བའི་ཚད་གཞི་ཞིབ་ཕྲ་ཁེ་གཉེར་མིན་པའི་རྩ་དོན་རྒྱུན་འཁྱོངས་ཏེ། སློབ་གཉེར་མ་གནས་དང་ཁྲོམ་རའི་དགོས་མཁོ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ།མང་ཚོགས་ཀྱི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་ཀྱི་རྨང་གཞིའི་ཐོག་རང་བདག་གིས་གཏན་ལ་ཕབ་ཆོག།

སློབ་གྲྭས་འགྲོ་གྲོན་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱེད་སྐབས་སློབ་མ་གསར་པས་འབྱོར་ཐོ་མ་འཁོད་གོང་གི་ཟླ་བ12ལ་བྱ་དགོས། འགྲོ་གྲོན་སྙོམས་སྒྲིག་ཇུས་གཞི་དང་དེའི་རྒྱུ་མཚན་སློབ་གྲྭའི་གཞུང་ཕྱོགས་དྲྭ་ཚུགས་བརྒྱུད་དེ་ཡོངས་བསྒྲགས་བྱ་དགོས་པར་མ་ཟད། ཉེ་བའི་ལོ3རིང་རྩིས་བཤེར་མ་གནས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས། ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་མཐོ་རིམ་སློབ་གྲྭས་སྦྱངས་རབས་སློབ་གསོའི་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱེད་པའི་བར་གསེང་གི་དུས་ཚོད་རྩ་དོན་ལྟར་ན་སློབ་ལོ་ཆ་ཚང3ལས་མི་ཉུང་བ་བྱ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)