国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་དང་རྫོང་རིམ་པའི་སྲིད་གྲོས་ཨུ་ཡོན་གྱིས་འགན་ནུས་ཡག་པོ་བསྒྲུབས་ཏེ་འཕེལ་རྒྱས་ཡོང་བར་ཐབས་འདོན་ཇུས་འབུལ་བྱས།

6616_02B_20260415སྡེ་དགེ་རྫོང་སྲིད་གྲོས་ཀྱིས་ཨོ་གུར་ལྟེ་གནས་སློབ་ཆུང་ལ་སློབ་གོས་སྤྲོད་བཞིན་པ།

ཉེ་ཆར། གསེར་ཐར་རྫོང་མཁན་ལེབ་ཡུལ་ཤོག་གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྣེ་ཁྲིད་པ་གསེར་མེ་ཡིས་ལག་ཏུ་གསོ་སྦྱོང་ལག་དེབ་བཟུང་ནས་སེམས་སུ་དགའ་ཚོར་ཆེན་པོས “ད་སྔར་གློག་རྡུལ་ཚོང་གཉེར་བྱེད་པ་ནི་ལོ་ཆུང་གཞོན་ནུ་ཚོའི་བྱ་བ་ཞིག་ཡིན་ལ་ང་ཚོ་མཐོ་སྒང་འབྲོག་པ་ཚོ་དང་འབྲེལ་བ་མེད་བསམ་མྱོང་། དེ་རིང་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་རྗེས་ལག་ཁྱེར་ཁ་པར་གཅིག་ལ་བརྟེན་ནས་རང་ཡུལ་གྱི་ཉེན་མེད་ཟོག་ཤ་རྒྱལ་ཡོངས་ས་གནས་ཁག་ཏུ་འཚོང་ཐུབ་པ་གཞི་ནས་ཤེས་བྱུང”ཟེར། ཟུར་དུ་ཡོད་པའི་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོས་ཀྱང“གཅིག་སྡུད་ཐོག་སློབ་ཁྲིད་བྱེད་པ་དང་། དངོས་སྦྱོང་སྦྱོང་བརྡར། དཔེ་མཚོན་དབྱེ་ཞིབ”བཅས་ཀྱི་བྱེད་སྟངས་དེས་ང་ཚོའི་སྒྲུབ་ཐབས་བྲལ་བའི་བྱ་བ་གསར་པ་ལག་ལེན་བསྟར་ཐུབ་པ་དང་ཁེ་བཟང་རག་པའི་འཇོན་ཐང་ངོ་མར་གྱུར་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་ནས་བཤད།

སྤྱི་ཟླ་གསུམ་པའི་ཟླ་མཇུག་ཏུ་གསེར་ཐར་རྫོང་སྲིད་གྲོས་ཨུ་ཡོན་དབང་ཕྱུག་རྡོ་རྗེ་ཡིས་སྣེ་ཁྲིད་སྒྲིག་འཛུགས་བྱས་པའི“མི་རིགས་ས་ཁུལ་གསར་སྤེལ་མ་དངུལ་རྣམ་གྲངས་དོ་དམ་དང་གྲོང་སྡེའི་ཐུང་མོང་དཔལ་འབྱོར་ལས་གཏོད་ནུས་སྤྲོད་གསོ་སྦྱོང་འཛིན་གྲྭ”གསེར་ཐར་རྫོང་དུ་གཉེར་བ་དེའི་དམིགས་ཡུལ་ནི་རྫོང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་། མཉམ་ལས་ཁང་གི་འགན་འཁུར་བ། ཕ་ཡུལ་དུ་ཕྱིར་ལོག་ལས་གཏོད་གཞོན་ནུ། གཞི་རིམ་ལས་བྱེད་པ་བཅས་ལ་སློབ་སྦྱོང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་།གྲོང་སྡེའི་ཐོན་ལས་དྲྭ་སྦྲེལ་ལ་བརྟེན་ནས་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱེད་པར་བསྐུལ་ཡོད།

དེ་ནི་དཀར་མཛེས་ཁུལ་དང་རྫོང་རིམ་པའི་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་སྣེ་ཁྲིད་དེ“དམིགས་པ་གསུམ་དང་བརྩོན་ལེན་གསུམ”ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད། ལས་དོན་དེ་སྤེལ་འགོ་ཚུགས་པ་ནས་བཟུང་ཁུལ་སྲིད་གྲོས་ཀྱིས་སྤྱི་འདོམས་བཀོད་སྒྲིག་དང་། རྫོང(གྲོང་ཁྱེར)ཁག་གི་སྲིད་གྲོས་ཀྱིས་བབ་བསྟུན་དོན་འཁྱོལ་གནད་སྨིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་རང་འགུལ་ངང་འགན་འཁྲི་སྒྲུབ་པའི་ཁྱོན་ཡོངས་ནང་ཞུགས་པ་དང་བརྟག་ཞིབ་གཏིང་ཟབ་བྱས་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྔོན་ཐོན་བརྩོན་ལེན་དང་དངོས་སྒྲུབ་ཏན་ཏན་བྱེད་པའི་འགན་སྒྲུབ་རྣམ་པ་ཞིག་ཏུ་ཆགས་ཡོད།

ཐོན་ལས་ཀྱིས་ནུས་པ་སྤྲད་པ་སྟེ། མཐོ་སྒང་གནས་མཆོག་གི་སྲིད་གྲོས་འགན་ཁུར།

གངས་ལྗོངས་མཐོ་སྒང་གི་འཕེལ་རྒྱས་ལམ་བུའི་ཁྲོད་རང་ཁུལ་གྱི་སྲིད་གྲོས་རིམ་པ་གཉིས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས། ཡུལ་སྡེ་དར་རྒྱས་སོགས་ཀྱི་གྲོས་གཞི་གཙོ་བོར་དམིགས་ཏེ་བློ་རིག་གཅིག་སྡུད་དང་ཇུས་འདོན་བྱས་པར་མ་ཟད། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་མང་ཚོགས་ཀྱི་དཀའ་གནད་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་བྱས་ཏེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད།

ད་ལོ་ནས་བཟུང་ཁུལ་སྲིད་གྲོས་ཀྱིས་ཞིང་ཨུའི“དཔལ་འབྱོར་ཞིང་ཆེན་ཆེན་པོས་གཙོ་འགན་ཁུ་བའི”བླང་བྱར་དམིགས་པ་དང་གཙང་གསུམ་འབབ་རྒྱུད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་སྲིད་གྲོས་ཨུ་ཡོན་དང་། ཆེད་རམས་པ། གཞི་རིམ་ལས་དོན་པ་སོགས་ལ་སྤྱི་འདོམས་བྱས་ནས“གཙང་གསུམ་འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ”དང“ཞིང་རོགས་ཐོན་ལས་འཕེལ་རྒྱས་བཏང་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་བ”ཡི་ཆེད་དོན་བརྟག་ཞིབ་ཚོ་ཆུང་བཙུགས་ཏེ་ཡུལ་ཤོག་དང་གྲོང་རྡལ།གྲོང་སྡེ། ཐོན་ལས་གླིང་ཁུལ་སོགས་སུ་བསྐྱོད་དེ་མང་ཚོགས་དང་ཁེ་ལས་ཀྱི་འགན་འཁུར་བ། གཞི་རིམ་ལས་བྱེད་པ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་དཀའ་གནད་བསྡུ་རུབ་དང་དམངས་ཀྱི་རེ་འདུན་ལ་ཉན་པ། གནད་ལ་འཁེལ་བའི་ཞིབ་འཇུག་བརྡར་ཤ་གཅོད་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏང་ཆེད་སྲིད་གྲོས་ཀྱི་ཇུས་གཞི་མཁོ་འདོན་བྱས་ནས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དོན་ཐོག་ཏུ་འཁྱོལ་རོགས་བྱས་ཡོད།

རོང་བྲག་རྫོང་སྲིད་གྲོས་ཀྱིས་སྤུས་ལེགས་ཀུ་ཤུ་ཐོན་ལས་ལ་དམིགས་ནས་ཞིང་ལས་ལག་རྩལ་དང་དཔལ་འབྱོར་ལས་རིགས་ཁག་གི་ཨུ་ཡོན་བསྡུས་ནས་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་འདེབས་འཛུགས་ལག་རྩལ་དང་། ཁྲོམ་རའི་བྲིན་ལམ། མཛོད་ཉར་སྐྱེལ་འདྲེན་སོགས་ཀྱི་དཀའ་གནད་རྒྱུས་ལོན་བྱས་པ་དང་། ནད་འབུའི་གནོད་འཚེ་འགོག་བཅོས་དང་། གློག་རྡུལ་ཚོང་གཉེར། གྲང་སྦྲེལ་མཛོད་ཉར་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ་ཞིང་ལས་ལག་རྩལ་གསོ་སྦྱོང་ལ་ཤུགས་རྒྱག་པ་དང་། གློག་རྡུལ་ཚོང་དོན་ཐོན་ཁུངས་སྦྲེལ་མཐུད་བྱེད་པ། མཛོད་ཉར་འཛུགས་པར་སྐུལ་བ་སོགས་ཀྱི་ཐད་ནས་གྲོས་འགོ་བཏོན་ཏེ་ཐོན་ལས་དེ་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་རོགས་བྱས་ཏེ་ཤིང་འབྲས་འདེབས་མཁན་ལ་འབབ་འཕར་ཡོང་བར་བྱས།

བཅོས་སྐྱོང་གིས་ཕན་འབྲས་བརྩོན་པ་སྟེ། ཡུལ་སྡེ་སྲང་ལམ་ཁྲོད་ཀྱི་སྲིད་གྲོས་གསང་བ།

ཡུལ་གྲོང་ཁྲོམ་གཞུང་དང་སྤྱི་ཁུལ་གྲོང་སྡེ་སོགས་སུ“དོན་དག་ཡོད་ཚེ་གྲོས་མོལ་བྱེད”པའི་སྟེགས་བུ532དང་ཨུ་ཡོན་ལས་དོན་ཁང11བཙུགས་པ་དེ་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་མཇུག་སྣེ”ལ་གྱུར་ནས་ཨུ་ཡོན་ཚོས་དེ་གར་མང་ཚོགས་ཀྱི་རེ་འདུན་ལ་ཉན་པ་དང་འགལ་བ་དང་རྩོད་གཞི་སེལ་ནས་གྲོས་མོལ་གྱི་ས་བོན་མཐོ་སྒང་ཡུལ་དུ་འདེབས་ཡོད།

དར་མདོ་གྲོང་ཁྱེར་སྲིད་གྲོས་ཀྱིས་བདལ་གཏོང་རླངས་འཁོར་ཁ་ལོ་བས་གནས་སྐབས་འཁོར་འཇོག་དཀའ་བའི་གནད་དོན་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་དང་། འགྲིམ་འགྲུལ་དོ་དམ་སྡེ་ཚན། ཁེ་ལས་ཀྱི་འཐུས་མི་བཅས་བསྡུས་ནས་ཡུལ་དངོས་སུ་བརྟག་ཞིབ་བྱས་པ་དང་། སྣེ་ཁྲིད་དེ་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས་གྲོང་ཁུལ་གྱི་སྤྱི་འཁོར་འཇོག་སར་སྐར་མ30རིང་རིན་མི་དགོས་པའི་སྲིད་ཇུས་འདོན་རྒྱུར་བསྐུལ་བར་མ་ཟད། ད་དུང་གཞུང་ཁོངས་རྒྱུ་ནོར་མ་རྩ་ཅུས་ཀྱིས་སྣེ་ཁྲིད་དེ་ཆེད་སྤྱོད་རླངས་འཁོར་འཇོག་ས་འཆར་འགོད་བཀོད་སྒྲིག་ལ་ཐུན་མོང་ངོས་འཛིན་བྱུང་ནས་གཞུང་ལམ་བཀག་པའི་གནད་དོན་ཐག་གཅོད་མཐར་ཁ་ལོ་བ་མང་པོའི་བསྔགས་བརྗོད་ཐོབ།

ལྕགས་ཟམ་རྫོང་སྲིད་གྲོས་ཀྱིས་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱ་རྒྱུར་དམིགས་ནས་ཆེད་དོན་བརྟག་ཞིབ་ཚོ་ཆུང་བཙུགས་ཏེ་ས་བོན་ས་ཚུགས་ཀྱི་ཉལ་ཁང་སོགས་གཞིས་ཁུལ་དུ་བསྐྱོད་དེ་ཁྱིམ་དུད་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་དང་། ཁང་ཀླད་དུ་ཆུ་འཛག་པ་དང་གློག་སྐུད་དང་ལྕགས་མདོང་ཟང་ཟིང་སོགས་འགག་གནད་དེ་དག་གསལ་པོར་ཐོ་འགོད་དང་རེ་ཞུའི་ཆ་འཕྲིན་ཟིན་ཐོར་འགོད་པ། གྲོས་མོལ་ཚོགས་འདུར་རྣམ་གྲངས་ཀྱི་མྱུར་ཚད་དང་སྤུས་ཚད་དོ་དམ་ཚོད་འཛིན་སོགས་ཀྱི་གནད་དོན་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་གྲོས་འགོ་བཏོན་ཡོད།

དཀར་མཛེས་རྫོང་སྲིད་གྲོས་ཀྱིས་གེ་སར་རྒྱལ་པོའི་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ་དང་ཁོར་ཡུག་ཟང་ཟིང་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཨུ་ཡོན་བསྡུས་ནས་བརྟག་ཞིབ་དང་གྲོས་མོལ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་བཅོས་སྒྲིག་བྱ་རྒྱུར་བསྐུལ་ནས་ས་ཆ10ཡི་ཁོར་ཡུག་གཙང་བཤེར་དང་ས་ཆ5ཡི་སྒྲིག་བཀོད་ཉམས་གསོ་བྱས་ནས་ལྗོངས་ཁུལ་གྱི་རྣམ་པ་དང་ཡུལ་སྐོར་བའི་མྱོང་ཚོར་མངོན་གསལ་དོད་པོས་ལེགས་སུ་བཏང་ཡོད།

དམངས་འཚོ་ཡིས་བརྩེ་བ་མཚོན་པ་སྟེ། གངས་ཅན་མཐོ་སྒང་གི་སེམས་མཐུན་འབྲེལ་ཐག།

རང་ཁུལ་གྱི་སྲིད་གྲོས་རིམ་པ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི“དཀའ་སྡུག་སེམས་ཁྲལ“སེམས་ལ་ཐོགས་པ་དང་།“དཀར་མཛེས་གསར་པར་ཧུར་གྱིས་སྐྱོད།ཨུ་ཡོན་རྣམས་ཀྱིས་བྱ་སྤྱོད་སྤེལ”བ་ལག་ལེན་བསྟར་ཏེ་སྲིད་གྲོས་ཨུ་ཡོན་བསྡུས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ཏེ་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།

ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།དཔལ་ཡུལ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ནོར་བུ་རྒྱལ་མཚན་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱེད་སྒོར་བརྟེན་ནས་མང་ཚོགས་ལ་བཅར་འདྲི་བྱས་ཏེ་འཐུང་ཆུ་ཉེན་མེད་དང་འགྲོ་ལམ་ཉམས་གསོ་སོགས་ཀྱི་རེ་འདུན་ཐོ་འགོད་བྱས་པ་དང་།དམངས་འཚོའི་རྩིས་ཐོ་བཟོས་ནས་དོན་འཁྱོལ་ལ་བསྐུལ་བ་དང་དོན་དངོས་སྒྲུབ་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་བསྐུལ་བ། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན།ལྕགས་ཟམ་བུམ་པ་ཡུལ་ཤོག་བཟའ་བཏུང་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་སྤྱི་གཉེར་བ་ཡུས་ཧྥེ་ཡིས་འབོ་ཞབས་གྲོང་རྡལ་གྱི་གསར་བརྗེའི་ནང་དོན་ལ་དམིགས་ནས“གསར་བརྗེ་དང་གཟུགས་མེད་རིག་གནས་ཤུལ་བཞག། བདེ་ཐང་གསོ་བཅོས་མཉམ་འབྲེལ”བཅས་ཀྱི་ཁྱད་ལྡན་མགྲོན་ཁང་བསྐྲུན་ནས་ས་གནས་དེ་གའི་མང་ཚོགས50ལྷག་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་དང་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་དེ“སྒོ་འཛིན་དཔལ་འབྱོར”ནས“ཁྱབ་ཁོངས་ཡོངས་ཀྱི་འཛད་སྤྱོད”ཕྱོགས་སུ་སྒྱུར་བཞིན་ཡོད། ཁུལ་སྲིད་གྲོས་ཨུ་ཡོན།རྟའུ་རྫོང་ནད་ཡམས་འགོག་ཟོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས“འཛམ་གླིང་འདུས་འདྲིལ་གཅོང་ནད་འགོག་བཅོས་ཉིན་མོའི”རིང་ཐག་རིང་འབྲོག་ཁུལ་དུ་བསྐྱོད་དེ་ཡུལ་སྐད་དང་ངལ་རྩོལ་རྣམ་པ་ཟུང་འབྲེལ་གྱིས་ནད་ཡམས་སྔོན་འགོག་གི་རྒྱུན་ཤེས་འགྲེལ་བཤད་དང་དམངས་ཕན་སྲིད་ཇུས་འགྲེལ་བཤད་བརྒྱབ་ཡོད།

ད་སྔའི་བར་ཁུལ་ཡོངས་ཀྱི་སྲིད་གྲོས་ལ་གྲོས་འདོན་གྲུབ་འབྲས20ལྷག་ཐོབ་པ་དང་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ30ལྷག་བཏོན་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན10ལྷག་ཐག་གཅོད་བྱ་བར་བསྐུལ་ཡོད།

ཕྱིན་ཆད་ཁུལ་སྲིད་གྲོས་ཀྱིས་ཁུལ་ཨུའི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་འགན་སྒྲུབ་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་རང་འགུལ་ངང་ཐོན་ལས་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་འགན་ལེན་སོགས་གཙོ་གནད་ཁྱབ་ཁོངས་སོགས་ལ་དམིགས་ཏེ་འཐབ་ཕྱོགས་དང་པོའི་གནས་ཚུལ་དངོས་རྟོག་ཞིབ་དང་། བསམ་འཆར་དྲང་པོར་འདོན་པ། དོན་དངོས་སྒྲུབ་པ་བཅས་འགན་སྒྲུབ་ཕན་འབྲས་དངོས་ལ་བརྟེན་ནས་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོར་ཡོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་ཡིན་པ་རེད།།

( ཀུན་དགས་བསྒྱུར།)