“བསམ་གཞིག་མེད་པའི་དཔེ་ཆ་བ་ནི་རྒྱབ་ལ་པོ་ཏི་ཁུར་བའི་བོང་བུ་དང་འདྲ། ”
ང་ལ་མཚོན་ན་དཔེ་ཀློག་ནི་རྒྱུན་ཆགས་ཀྱི་བྱ་བ་ཞིག་དང་འདྲ་བར་འཚོ་བའི་གྲུ་ག་ནས་བོར་ཐབས་མེད་པར་ཆགས། དཔེ་བཞག་ན་ཟ་མ་ཟ་བའམ་གསང་སྤྱོད་དུ་འགྲོ་བ་དང་གཅིག་པ་ཆགས་འདུག་སྙམ། དེའི་ཕྱིར། ངའི་སེམས་སུ་དཔེ་ཀློག་བྱེད་པ་ནི་མི་རེ་རེའི་གོམས་གཤིས་སུ་མ་འགྱུར་ཐུ་མེད་ཀྱི་བྱ་བ་ཞིག་རེད་འདོད་ཀྱིན་ཡོད། རྒྱུ་མཚན། ང་ཚོའི་འཚོ་བའི་བར་གསེང་ནས་མི་དང་མིའི་བར་གྱི་ཁ་བརྡའི་འབྲེལ་འདྲིས་ནི་ཆད་ཐབས་མེད། ཡིན་ནའང་། དཔེ་ཆ་ལ་བརྟེན་ནས་ང་ཚོས་དེ་ལས་མང་བའི་མི་ལ་ཁ་བརྡ་གློད་ཐུབ། དཔེ་ཆའི་གསེང་ལ་རྩོམ་མཁན་གང་དེའི་ཤེས་རབ་ཀྱི་ཉིང་བཅུད་རྣལ་མ་དེ་འཐིམ་ཡོད། དཔེ་ཀློག་གིས་ཤེས་རབ་འཕེལ་བར་འགྱུར་ཟེར་བའང་དེ་མིན་ནམ་སྙམ།
དྲང་མོ་བཤད་ན། དཔེ་ཀློག་ཉིན་མོ་ཟེར་ནས་དྲྭ་སྒང་དུ་དོན་ཡོད་མེད་ཀུན་གྱིས་འུར་ལངས་བྱེད་པ་དང་། དཔེ་ཆ་དང་འབྲེལ་བ་ཡོད་མེད་ཚང་མས་ཉིན་དེར་མ་གཏོགས་མཐོང་མ་མྱོང་བའི་དཔེ་ཆ་རེའི་ཁ་ཕྱེ་ཙམ་བྱེད་པ་དེས་ཅི་ཡང་མི་འགྲུབ་སྙམ། དེ་ལས་རང་ཉིད་ཀྱི་ཁོམ་ལོང་ཉི་ཚེ་བ་དེ་དག་ལ། དཔེ་ཀློག་ཉུང་ཙམ་རེ་ཨེ་ཐུབ་ཀྱི་འཆར་གཞི་བཟུང་ནས་ཆ་ཡིས་བསགས་པའི་རྒྱ་མཚོ་བཞིན་དུ་རེ་ན་མི་དགའ་འམ་སྙམ། ང་ཚོ་ལ་མཚོན་ན་མི་ཚེ་ནང་གི་ཉིན་ཞག་རེ་རེའང་དཔེ་ཀློག་ཉིན་མོ་རེ་རེ་ཡིན་དགོས་ཀྱི་ཡོད། དཔེ་ཀློག་ནི་གོམས་གཤིས་ཆགས་དགོས་པ་ལས། དུས་ཆེན་ལྟར་བསུས་ནས་ཆོག་པ་ཞིག་དང་བསྒུགས་ནས་ཡོང་བ་ཞིག་མ་རེད་སྙམ།
དཔེ་ཀློག་བྱེད་པ་ནི་རང་ཉིད་གོང་འཕེལ་གཏོང་བའི་འོ་ཟི་ལྟ་བུ་ཞིག་ཡིན། ཡང་ན་རྒྱལ་ཁམས་མཐོང་བྱེད་ཀྱི་མིག་ཟུང་ལྷག་མ་ཞིག་ཡིན། དཔེ་ཆ་ཀློག་མཁན་ཞིག་ཡིན་ན། དེའི་ཀུན་སྤྱོད་ལྟོས་བཅས་ཀྱིས་གཡུང་ལ་བབས་འདུག་པ་ཞིག་ཡིན། དེ་ལ་མི་གཞན་དང་བསྡུར་ན་བསྲུང་བྱའི་རྩ་དོན་ཞིག་ཀྱང་ཡོད་ངེས། དེ་ལ་རྒྱུ་འབྲས་བློ་མིག་ཀྱང་གཞན་ལས་གསལ་བ་ཞིག་ཡོད་ངེས། ཡིན་ནའང་། དཔེ་ཀློག་མྱོང་མེད་པའི་མིས་དེ་ཚོ་ཅི་ཡང་གོ་ཡི་མེད།
མདོར་ན། དཔེ་ཆ་ནི་མིའི་རིགས་ཀྱི་ཤེས་རབ་ཀྱི་ཕུང་པོ་ཞིག་ཡིན། དཔེ་ཀློག་ཀྱང་མིའི་རིགས་ཁོ་ན་ལ་མངའ་བའི་ལོངས་སྤྱོད་ཅིག་ཀྱང་ཡིན། ཁྱེད་ཀྱིས་ཕྱི་རོལ་ལ་མྱོང་རོལ་ཐེངས་གཅིག་འདོད་ན་དཔེ་ཆ་ཀློགས། རྣམ་དཔྱོད་ཅན་གྱི་མི་ལ་ཁ་བརྡ་འདོད་ཚེ་དཔེ་ཆ་ཀློགས་པར་གྱིས། ཀྱེ་སྙིང་ཉེ་བ་ཚོ།།
༼ གཡེར་མ། ༽
