ཞིན་ཧྭ་གསར་འགྱུར་ཁང་ནན་ཁྲང་ནས་སྤྱི་ཟླ4པའི་ཚེས20ཉིན་གློག་འཕྲིན་འབྱོར་གསལ། ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཅང་ཞི་ནན་ཁྲང་དུ་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སྐབས་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། 2026ལོའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཟའ་འཁོར་སྤེལ་འགོ་འཛུགས་པ་ཁྱབ་བསྒྲགས་བྱས།
ཚོགས་ཞུགས་སྐུ་མགྲོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་དཔེ་ཀློག་ལ་མཐོང་ཆེན་དང་དཔེ་ཀློག་དར་སྤེལ་བཏང་སྟེ། དམངས་ཡོངས་ཀྱི་དཔེ་ཀློག་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་འདོད་བློ་རུ་བསྒྱུར་བར་སྣེ་ཁྲིད་དང་བསྐུལ་བར་བརྟེན། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་བའི་ལས་དོན་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། དམངས་ཡོངས་ཀྱི་དཔེ་ཀློག་སྔར་ལས་ལེགས་པོར་གཏོང་བ། དཔེ་ཀློག་སྤྱི་ཚོགས་སྐྲུན་ཤུགས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བསམ་པའི་སྟོབས་ཤུགས་བསྣན་དགོས་ཞེས་བཤད།
ཚོགས་ཞུགས་སྐུ་མགྲོན་གྱིས་དཔེ་ཀློག་ནི་ཆེས་གཞི་རྩའི་རིག་གནས་འཛུགས་སྐྱོང་ཞིག་ཡིན། དམངས་ཡོངས་ཀྱི་དཔེ་ཀློག་གི་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་དུ་གཏོད་པའི་གསོན་ཤུགས་བསླང་དགོས།
དཔེ་ཀློག་ལ་དགའ་བའི་སྤྱི་ཚོགས་དར་སྲོལ་བཟང་པོ་སྐྱེད་སྲིང་བྱས་ཏེ། མི་རྣམས་ལ་ཚེ་གང་པོར་དཔེ་ཀློག་གི་གོམས་གཤིས་ཆགས་སུ་འཇུག་པ་དང་རིག་གནས་ཀྱི་རྨང་གཞི་སྐྱོང་ཞིང་མི་ཚེའི་མཐོང་རྒྱ་བསྐྱེད་དགོས། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་རྒྱུན་མཐུད་མཐར་ཕྱིན་སྤེལ་བ་དང་དཔེ་ཀློག་ཀྲུང་གོ་བྱེད་སྒོའི་གྲགས་རྟགས་སྐྱེད་སྲིང་བྱས་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོ་རུ་གཏང་དགོས། 《དམངས་ཡོངས་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》དོན་ལ་འཁྱོལ་བ་དང་། དམངས་ཡོངས་དཔེ་ཀློག་སྐུལ་སྤེལ་ལས་དོན་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་བསྐུལ་ཏེ། དཔེ་ཀློག་ལ་དགའ་བ་དང་དཔེ་ཆ་ཡག་པོ་ཀློག་པ། དཔེ་ཀློག་མཁས་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཆགས་པ་བྱ་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གཞོན་པ་དང་དམངས་གཙོ་ཡར་ཐོན་ཀྲུང་དབྱང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཡུང་ཞིན་ཚོགས་འདུར་ཞུགས་ཡོད།
ད་ལོའི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཟའ་འཁོར་དེ་སྤྱི་ཟླ4པའི་ཚེས20ནས26ཉིན་བར་ཡིན་ཞིང་། དམངས་ཡོངས་ཀྱི་དཔེ་ཀློག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་དཔེ་ཀློག་སྤྱི་ཚོགས་མཉམ་དུ་བསྐྲུན་པ་གཙོ་དོན་དུ་བྱས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་ཀྱི་དཔེ་ཀློག་དགའ་ཞེན་བསླངས་ནས་དཔེ་ཀློག་སྤྱི་ཚོགས་བསྐྲུན་པར་བསྐུལ་བའི་ཆེད་དུ་རེད།།( བདེ་ཆེན་གྱིས་བསྒྱུར།)
