ཉེ་ཆར། 《ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར》དུས་དེབ་ཁང་གིས་གཙོ་གཉེར་བྱས་པའི“ནོར་གྲོང”རྒྱལ་ཡོངས་དཔྱད་འདེམས་བྱེད་སྒོའི་བྱ་དགའ་སྤྲད་པའི་མཛད་སྒོ་པེ་ཅིང་དུ་སྤེལ་བ་རེད། ད་ཐེངས་དཔྱད་འདེམས་ཀྱིས་རིག་གནས་ནང་སྙིང་དང་སྐྱེ་ཁམས་རྨང་གཞི། རྒྱུ་སྤུས་མྱོང་རོལ། གསར་གཏོད་གསོན་ཤུགས། ཁྲོམ་རའི་བསྔགས་བརྗོད་བཅས་ཕྱོགས་ལྔའི་ཐད་ནས་ཞིང་ཆེན་དང་གྲོང་ཁྱེར19ཡི་གྲོང་ཁྱེར36བདམས་པ་དང་། དེའི་ནང་རང་ཁུལ་གྱིས་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རིག་གནས་ཡུལ་སྐོར་རིན་ཐང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་དེ་རུ་ཚུད་དེ། རྒྱལ་ཡོངས་ཀྱི་རང་སྐྱོང་ཁུལ་སྤྱི་ཡོངས་ལས་བདམས་ཐོན་བྱུང་བའི་ས་ཁུལ་གཅིག་པུར་གྱུར་པ་རེད།
དཔྱད་འདེམས་ཀྱི་ཕྱོགས་ལྔའི་ཐད་ནས་བལྟས་ན། རང་ཁུལ་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད་ཅིང་། རིག་གནས་ནང་སྙིང་ཐད་རྒྱལ་ལམ317པའི་མཐོ་སྒང་དར་ལམ་གྱི་རིག་གནས་བར་ཁྱམས་སྔོན་འདོན་བྱས་ནས་དར་ལམ་དཀར་མཛེས།ཁྲོན་ནུབ་སྦས་ཡུལ་ཞེས་པའི་གྲགས་རྟགས་བཏོད་པ་རེད། སྐྱེ་ཁམས་རྨང་གཞི་ཐད་གངས་རི་དང་མཚེའུ། རྩྭ་ཐང་།ནགས་ཚལ་སོགས་མཐོ་སྒང་གི་ཡུལ་ལྗོངས་རྒྱུན་འཇགས་སུ་གནས་པ་རེད། རྒྱུ་སྤུས་མྱོང་རོལ་ཐད་སྣེ་ལེན་སྒྲིག་བཀོད་དང་མགྲོན་པོར་གཉེན་ཉེ་ལྟར་སྣེ་ལེན་བྱེད་པའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས་ཡུལ་སྐོར་བའི་ཡིད་ཚིམ་ཚད་མུ་མཐུད་དེ་ཆེ་རུ་བཏང་བ་རེད།གསར་གཏོད་གསོན་ཤུགས་ཐད་གོ་ལ་ཧྲིལ་པོའི་ལྗོངས་ཁུལ་གྱི་ཚེ་གང་སྒོ་འཛིན་ལམ་ལུགས་ཐོག་མར་གཏོད་པར་རྒྱབ་སྐྱོར་ཆེན་པོ་ཐོབ་པ་དང་། ཕྱོགས་བཞི་གཞི་གཅིག་གི་གཉེར་ཚོང་མ་ལག་བསྐྲུན་པར་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐེངས་མང་ཐོབ་པ་རེད། ཁྲོམ་རའི་བསྔགས་བརྗོད་ཐད་རང་ཁུལ་ལ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་ཡུལ་སྐོར་བྱ་ཡུལ་སྣ་ཚོགས་རྒྱུན་ཆད་མེད་པར་ཐོན་པས། འཛམ་གླིང་གི་ཡུལ་སྐོར་གྲོང་སྡེ་ཡག་ཤོས་དང་ལོ་འཁོར་གྱི་དགའ་མོས་བྱ་ཡུལ་སོགས་ཀྱི་གྲས་སུ་བདམས་པ་དང་། གནས་མཆོག་དཀར་མཛེས་ཀྱི་གྲགས་རྟགས་རིན་ཐང་སྒོར་དུང་ཕྱུར84.88ལ་ཟིན་ནས་གོ་ལ་ཧྲིལ་པོའི་སྐད་གྲགས་ཆོད་ཚད་མཐོ་རུ་ཕྱིན་པ་རེད།
གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་སྤྲད་པའི་གཏམ་བཤད་ལས་དཀར་མཛེས་ཁུལ་གྱིས་ནང་དོན་གསར་གཏོད་དང་ཁོངས་ཡོངས་ཁྱབ་སྤེལ།གྲགས་རྟགས་ནུས་སྤྲོད།རྒྱལ་སྤྱིའི་མཚོན་ཚུལ་བཅས་ལ་བརྟེན་ནས་ཕྱོགས་བཞི་གཞི་གཅིག་གི་ཚོང་གཉེར་མ་ལག་བརྒྱུད་དེ་མཛེས་པའི་ཡུལ་ལྗོངས་དེ་འཛམ་གླིང་གི་གར་སྟེགས་སུ་ཁྱབ་གདལ་བཏང་བ་རེད། ཐོན་ཁུངས་འབེལ་བའི་ས་ཆ་དང་གོ་ལ་ཧྲིལ་པོའི་ཡུལ་སྐོར་བྱ་ཡུལ་བཅས་དཀར་མཛེས་ཁུལ་གྱིས་གསར་གཏོད་ཀྱི་ཚོང་གཉེར་ལ་བརྟེན་ནས་ས་ཁོངས་ཀྱི་དངོས་ཁམས་ཚོད་འཛིན་ལས་སྒྲོལ་ཏེ། གནས་མཆོག་དཀར་མཛེས་དེ་སྣང་ཚུལ་རིམ་པའི་རིག་གནས་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
2026ལོའི་ཟླ་བ་དང་པོར་རང་ཁུལ་གྱིས་གོ་ལ་ཧྲིལ་པོའི་ལྗོངས་ཁུལ་གྱི་ཚེ་གང་སྒོ་འཛིན་ལམ་ལུགས་ཐོག་མ་གསར་དུ་གཏོད་པས་ཁུལ་ནང་གིA4རིམ་པའི་ལྟེ་བའི་ལྗོངས་ཁུལ14ལ་ཁྱབ་པ་རེད། གངས་དཀར་འོ་སེ་བྱང་བུ་དང་གངས་དཀར་གསེར་གྱི་བྱང་བུ་ཞེས་པའི་མིང་བཏགས་པའི་གསར་གཏོད་ཐོན་རྫས་དེའི་རིན་གོང་གཏན་འཁེལ་བྱེད་ཐབས་ལ་བརྟེན་ནས་རྒྱལ་ལམ317པ་དང་རྒྱལ་ལམ318པའི་རྒྱལ་ལམIPསྤྱད་དེ་རིན་གོང་སྒོར317དང318གཏན་འཁེལ་བྱས་པ་རེད།
ཐོག་མར་བཀྲམ་པའི་ཉིན་དེར་འཁྱུག་དབྱིངས་སྟེགས་བུGMVལ་སྒོར་ཁྲི1400ལས་བརྒལ་ཏེ། གཞུང་ཕྱོགས་ཐད་གཏོང་ཁང་དུ་ཐོག་མར་བཏང་བའི་གཏོང་སྤྲོད་སྒོར་ཁྲི600ལ་ཟིན་པ་དང་ཁྱོན་སྒོ་འཛིན་ཁྲི4.4བཙོངས་ནས་རྒྱལ་ཡོངས་ཀྱི་རོལ་རྩེད་ཚོགས་པའི་ཉོ་སྒྲུབ་མིང་ཐོར་སླེབས་པ་རེད། མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་།ཀྲུང་དབྱང་བརྙན་འཕྲིན་སོགས་གཙོ་རྒྱུན་སྨྱན་སྦྱོར60ལྷག་གིས་ཆེད་དོན་གནས་ཚུལ་སྒྲོག་སྤེལ་བྱས་ཏེ། གོ་ལ་ཧྲིལ་པོས་དཀར་མཛེས་ཁུལ་ལ་དོ་ཁུར་དང་དཀར་མཛེས་ཁུལ་ལ་ཡིད་སྨོན་བྱེད་པའི་ཚ་རླབས་དགུང་དུ་འཕྱུར་བ་རེད།
རྒྱལ་ལམ317པའི་མཐོ་སྒང་གི་དར་ལམ་རིག་གནས་བར་ཁྱམས་ཀྱི་ལོ་རྒྱུས་རིན་ཐང་སྔོན་འདོན་གཏིང་ཟབ་བྱས་ཏེ། རང་ཁུལ་གྱིས་དར་ལམ་དཀར་མཛེས།ཁྲོན་ནུབ་སྦས་ཡུལ་ཞེས་པའི་གྲགས་རྟགས་བཟོས་པ་དེས་ཀྲུང་གོའི་རིག་གནས་ཡུལ་སྐོར་རྒྱལ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆགས་པ་རེད། གྲགས་རྟགས་དེ2024ལོར་རྒྱལ་སྤྱིའི་ཨའེ་ཆི་བྱ་དགའ་ཨང་ཀི་རིག་གནས་ཡུལ་སྐོར་གསར་གཏོད་རིགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པར་མ་ཟད། མི་དམངས་ཉིན་རེའི་ཚགས་པར་ཁང་གི་དར་ལམ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ཕུལ་བྱུང་དང་ལྕགས་རི་རིང་པོའི་བྱ་དགའ། རིག་གནས་ཡུལ་སྐོར་གྲགས་རྟགས་བཟང་པོའི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་དཔེ་མཚོན་ཕུལ་བྱུང་བཅས་སུ་བདམས་པ་རེད།
2026ལོའི་ལོ་འགོར་སིང་ཀ་ཕོར་དང་ཐེ་གོ། མ་ལེ་ཞི་ཡ་བཅས་རྒྱལ་ཁབ་གསུམ་གྱི་ཡུལ་སྐོར་ལས་དོན་ཁང་གི་མི་སྣ་དཀར་མཛེས་ཁུལ་དུ་བསྐྱོད་ནས་ལྗོངས་ཁུལ་ཚེ་གང་སྒོ་འཛིན་ལམ་ལུགས་གོ་ལ་ཧྲིལ་པོའི་ཐོག་མར་བཀྲམ་པའི་ཚོགས་ཆེན་དུ་ཞུགས་པ་དང་། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དེ་ཨེ་ཤེ་ཡ་ཤར་ལྷོའི་ཡུལ་སྐོར་ཁྲོམ་ར་གཙོ་བོར་དངོས་སུ་བསྐྱོད་པ་མཚོན།
དཔྱིད་དུས་མེ་ཏོག་ལ་ལྟད་མོ་ལྟ་བ་དང་དབྱར་དུས་ཚ་གཡོལ་བྱེད་པ། སྟོན་དུས་མཛེས་པའི་ཡུལ་ལྗོངས་ལ་ལྟ་བ། དགུན་དུས་ཁ་བའི་རྩེད་མོ་ལ་རོལ་བ་བཅས་ཀྱི་དུས་བཞིའི་གཙོ་དོན་ལ་དམིགས་ཏེ། ལོ་ཧྲིལ་པོར་ཇུས་འགོད་བྱས་ནས་དམངས་སྲོལ་དུས་ཆེན་གྱི་བྱེད་སྒོ་ཐེངས126སྤེལ་བ་དང་།ས་ཁོངས་ཡོངས་སུ་རླངས་འཁོར་འཇོག་པར་རིན་མི་དགོས་པ་དང་འཛད་སྤྱོད་སྤ་སེ་ས་ཡ་སོགས་མགྲོན་པོ་གཅེས་སྐྱོང་བྱེད་པའི་སྲིད་ཇུས་བཏོད་པ་རེད། 2025ལོར་ཁུལ་ཡོངས་ཀྱི་ཡུལ་སྐོར་བ་ཁྲི4767.7སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར524.7མངོན་འགྱུར་བྱུང་ནས་བརྒྱ་ཆ8.7དང་བརྒྱ་ཆ9འཕར་བ།རིག་གནས་ཡུལ་སྐོར་ཐོན་ལས་དེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་རྟེན་ཐོན་ལས་ཞིག་ཏུ་གྱུར་པ་རེད།
ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་སླད་ཕྱིན་བརྙན་ཐུང་དང་རིག་གནས་ཡུལ་སྐོར་ལ་བརྟེན་ནས་གསར་གཏོད་ཐད་ཤུགས་བསྣན་པ་དང་ཆབས་ཅིག། རྒྱལ་སྤྱིའི་བརྒྱུད་སྤེལ་ལམ་བུ་རྒྱ་ཆེར་བཏང་ནས་དཀར་མཛེས་ཁུལ་འཛུགས་སྐྲུན་དེ་རྒྱལ་སྤྱིར་སྐད་གྲགས་ཆོད་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་ཞིག་ཏུ་གྱུར་པ་དང་། མི་དེ་བས་མང་བས་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་བརྒྱུད་དེ་མཛེས་པའི་ཀྲུང་གོ་དང་མཛེས་པའི་མི་རིགས་ཤེས་སུ་འཇུག་རྒྱུ་ཡིན་ཞེས་བཤད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
