དམག་མི་ཞིག་གིས་གཞུང་ལམ་དུ་གོམ་ཆེན་སྤོས་ནས་འགྲོ་བཞིན་ཡོད། གཅིག…གཉིས། གཅིག…གཉིས་ཟེར་བཞིན་རྒྱབ་ཏུ་དམག་ཁུག་ཁུར་ཞིང་སྐེད་པར་གྲི་རིང་ཞིག་བཏགས། རྒྱུ་མཚན་ཁོ་རང་དམག་འཁྲུག་ཏུ་ཞུགས་མྱོང་ལ་ད་ལྟ་ཕྱིར་ཡུལ་དུ་ལོག་གྲབས་ཡོད། ལམ་དུ་ལྷ་མ་ཞིག་དང་འཕྲད་ཅིང་མོའི་མཆུ་ཏོ་རང་གི་བྲང་ཁའི་ནུ་མར་ཐུག་ལ་ཉེ་བས་ཞེན་ལོག་པ་ཞིག་འདུག། ལྷ་མས་དགོང་མོ་བདེ་ལེགས། ཁྱོད་ཀྱི་གྲི་ངོ་མ་ཡག་པོ་འདུག། ཁུག་མའང་ངོ་མ་ཆེན་པོ་འདུག། ཁྱོད་ནི་དམག་མི་མིང་དོན་མཚུངས་པ་ཞིག་རེད། ད་ལྟ་ཁྱོད་རང་སྒོར་མོ་ཅི་ཙམ་འཐོབ་འདོད་ན་དེ་ལྟར་འཐོབ་ཐུབ་ཅེས་བཤད་པ་རེད། དམག་གིས་ལྷ་མར་བཀའ་དྲིན་ཆེ་ཞེས་བཤད་དོ།།
ལྷ་མས་ཁྱོད་ཀྱིས་སྡོང་རྒན་དེ་མཐོང་བྱུང་ངམ་ཞེས་བཤད་ཞོར་དུ་འགྲམ་གྱི་སྡོང་པོ་དེ་བསྟན་ནས་ནང་ལ་ཁོག་སྟོང་རེད། གལ་ཏེ་ཁྱོད་སྡོང་འགོར་འཛེགས་ཐུབ་ཚེ་ཁུང་བུ་ཞིག་མཐོང་ལ། ཁུང་བུའི་ནང་དུ་འཛུལ་ན་སྡོང་པོའི་ཁོག་ཏུ་འགྲོ་ཐུབ། ངས་ཁྱོད་ཀྱི་སྐེད་པར་ཐག་པ་ཞིག་བཏགས་ནས་ཕྱིར་ཡོང་དུས་འཐེན་ཆོག་ཅེས་བཤད།
དམག་གིས་ང་སྡོང་པོའི་ནང་དུ་སོང་ནས་ཅི་ཞིག་བྱ་དགོས་ཞེས་དྲིས་པར། སྒོར་མོ་ལེན་ཆོག་ཅེས་མོས་ལན་བཏབ། ཁྱོད་རང་སྡོང་པོའི་ནང་དུ་འཛུལ་རྗེས་བར་ཁྱམས་ཁོད་ཡངས་ཤིག་མཐོང་ཐུབ། དེར་གསལ་ཆ་ཡོད་པའི་གློག་སྒྲོན་བརྒྱ་ལྷག་སྦར་ཡོད་པས་མཐོང་ལམ་ཧ་ཅང་གསལ། དེ་ནས་སྒོ་གསུམ་ཡོད་པས་མ་ཚད་སྒོ་ཡང་ཕྱེ་ཐུབ། རྒྱུ་མཚན་ནི་སྒོའི་ལྡེ་མིག་ཟྭའི་འགྲམ་དུ་བཞག་ཡོད། ཁྱོད་ཁང་མིག་དང་པོའི་ནང་སོང་རྗེས་སྒམ་ཆེན་ཞིག་ཡོད་ཅིང་སྒམ་ཐོག་ཏུ་ཁྱི་ཞིག་ཉལ་ཡོད་ལ་དེའི་མིག་ཟུང་ཆེ་བ་ཇ་ཕོར་ལྟ་བུ་ཞིག་ཡོད། འོན་ཀྱང་དེར་ཁ་ཡ་བྱ་མི་དགོས། ངའི་དྲ་མིག་སྔོན་པོ་ཅན་གྱི་སྨད་གཡོག་འདི་ཁྱོད་ལ་སྟེར། ཁྱོད་ཀྱིས་སྨད་གཡོག་དེ་ས་ལ་བཏིང་རྗེས། མགྱོགས་པོ་ཁྱི་དེ་ཁྱེར་ཡོང་ནས་སྨད་གཡོག་ཐོག་འཇོག་དགོས། དེ་ནས་སྒམ་པོའི་སྒོ་ཕྱེས་ནས་སྒོར་མོ་ག་ཚོད་དགོས་ན་དེ་ཙམ་ལེན་ཆོག་ཅིང་སྒོར་མོ་ཚང་མ་ཟངས་ཀྱིས་བཟོས་པ་ཡིན། གལ་ཏེ་ཁྱོད་ཀྱིས་དངུལ་གྱི་སྒོར་མོ་ལེན་བསམ་ན་ཁང་མིག་གཉིས་པར་འགྲོ་དགོས། ཡིན་ནའང་དེ་ན་ཁྱི་ཞིག་ཡོད། ཁྱིའི་མིག་དེ་ཆུ་འཁོར་ལྟ་བུ་ཆེ་ཡང་དེར་ཁ་ཡ་བྱ་མི་དགོས། ཁྱི་ངའི་སྨད་གཡོག་ཐོག་ཏུ་བཞག་པས་ཆོག་ལ་དེ་ནས་སྒོར་མོ་ལེན་ཆོག། འོན་ཀྱང་ཁྱེད་ཀྱིས་གསེར་གྱི་སྒོར་མོ་ལེན་བསམ་ན་དེ་ཡང་མི་འགྲུབ་པ་མེད་པས་སྒོར་མོ་གང་འདོད་འཁྱེར་ཆོག། གལ་ཏེ་ཁང་མིག་གསུམ་པར་ཐོན་པར་ཆ་བཞག་ན། སྒམ་སྟེང་དུ་ཡོད་པའི་ཁྱི་ཡི་མིག་ཟུང་ནི་མཆོད་རྟེན་ཟླུམ་པོ་ལྟ་བུ་ཡོད། འདི་ནི་མིང་དོན་མཚུངས་པའི་ཁྱི་ཞིག་ཡིན། འོན་ཀྱང་སྐྲག་མི་དགོས་ཤིང་ངའི་སྨད་གཡོག་ཏུ་བཞག་ན་གནོད་མི་བྱེད། ཁྱོད་ཀྱིས་སྒམ་ནས་གསེར་གྱི་སྒོར་མོ་གང་འདོད་འཁྱེར་ཆོག་ཅེས་བཤད།
དམག་གིས་འདི་བཟང་ཡང་ངས་ཁྱོད་ལ་བཀའ་དྲིན་ཞུ་ཆེད་གླ་ཅི་འདྲ་སྟེར་དགོས། ཁྱོད་ལ་ཅི་ཡང་མི་དགོས་པ་དཔེ་སྲིད་རྒྱུ་མ་རེད་ཅེས་བཤད་པར། ལྷ་མས་ཅི་ཡང་མི་དགོས། སྒོར་མོ་ཅི་ཡང་མི་དགོས། ཁྱོད་ཀྱིས་ང་ལ་མེ་ཆ་རྙིང་པ་ཞིག་ཡོད་དེ་འཁྱེར་ཡོང་པས་ཆོག། དེ་ནི་ངའི་ཨ་ཕྱིས་སྔོན་ལ་དེའི་ནང་ལ་བརྗེད་སོང་བ་རེད་ཅེས་བཤད།
དམག་གིས་དེས་ན་ཆོག་འདུག། ཁྱོད་ཀྱིས་ཐག་པ་ངའི་རྐེད་པར་ཐོགས་དང་ཞེས་བཤད།
ལྷ་མས་ངའི་སྨད་གཡོག་ཀྱང་ཁྱེར་ནས་སོང་ཞེས་བཤད།
དམག་མི་དེ་སྡོང་པོར་འཛེགས་ཏེ་སྐད་ཅིག་ཙམ་ནས་སྡོང་པོའི་ཁུང་བུར་འཛུལ་སོང་ལ། དེའི་ནང་ལྷ་མས་བཤད་པ་བཞིན་གློག་སྒྲོན་བརྒྱ་ལྷག་སྦར་བའི་ཁྱམས་ར་ཡངས་པོར་ཐོན། ཁོས་སྒོ་དང་པོ་ཕྱེས་རྗེས་ནང་དུ་དངོས་གནས་ཁྱི་ཞིག་འདུག་ལ། མིག་ནི་ཇ་ཕོར་ལྟར་འདྲ་ལ་མིག་ཟུང་ཅེར་ནས་འདུག།
དམག་གིས་ཁྱི་ཁྱོད་ཅེས་ལབ་ཞོར་ཁྱི་དེ་བཟུང་ནས་སྨད་གཡོག་ཏུ་བཞག་རྗེས་ཟངས་ཀྱི་སྒོར་མོ་བླངས། ཁུག་མའི་ནང་དུ་བླུགས་གང་ཐུབ་བྱས་ནས་ཁྱེར་ཅིང་སྒམ་ལ་ཟྭ་བརྒྱབ་པ་དང་། ཁྱི་དེ་སླར་ཡང་དེའི་སྟེང་ལ་བཞག། དེ་ནས་ཁོ་རང་ཁང་མིག་གཉིས་པར་སོང་། ཨ་ཡ། འདི་ན་ཡང་ཁྱི་ཞིག་འདུག་ལ་མིག་ནི་ཆུ་འཁོར་གྱི་འཁོར་ལོ་དང་འདྲ་བར་ཧ་ཅང་ཆེན་པོ་འདུག།
དམག་གིས་ཁྱོད་ང་ལ་འདི་ལྟར་མ་ཅེར་ན་ཡག། འདི་ལྟར་ཅེར་ན་རང་གི་མིག་ལ་གནོད་རྒྱུ་རེད་ཅེས་བཤད། ཁོས་ཁྱི་དེ་སྨད་གཡོག་ཏུ་བཞག་ལ། སྒམ་དུ་དངུལ་གྱི་སྒོར་མོ་མང་པོ་ཡོད་པ་མཐོང་ནས་ཟངས་ཀྱི་དངུལ་ཚང་མ་གཡུགས་ཤིང་། གློ་ཁུག་དང་རྒྱབ་ཀྱི་ཁུག་མར་ཡོད་ཚད་དངུལ་སྒོར་གང་རེ་བླུགས། དེ་ནས་ཁང་མིག་གསུམ་པར་སོང་། འདི་ནའང་ཁྱི་ཞིག་ཡོད་ལ་མིག་གཉིས་དངོས་གནས་མཆོད་རྟེན་ཟླུམ་པོ་དང་འདྲ་བར་འདུག། མིག་འབྲས་འཁོར་བ་དེ་འཁོར་ལོ་འཁོར་བ་དང་འདྲ་བས་སྐྲག་སྣང་སྐྱེ་ས་ཞིག་རེད།
དམག་གིས་དགོང་མོ་བདེ་ལེགས་ཞེས་བཤད་ཞོར་ལག་པ་དམག་ཞྭའི་འགྲམ་ལ་བཀྱགས་ནས་གུས་པ་ཞིག་བྱས་པ་དེ་ནི་ཁོས་སྔོན་ཆད་ཁྱི་འདི་འདྲ་ཞིག་མཐོང་མ་མྱོང་བས་ཡིན། འོན་ཀྱང་ཁོས་དེར་ཅུང་ཙམ་བལྟས་རྗེས་སེམས་སུ་ཅི་སྐྱོན་ས་མ་རེད་སྙམ་ནས་ཁྱི་དེ་ལག་ཏུ་བཟུང་ནས་ས་ལ་བཞག་རྗེས་སྒམ་གྱི་ཁ་ཕྱེས། གནམ་རྒན་མ། སྒམ་ནང་གི་གསེར་ནི་ཅི་འདྲའི་མང་བ་ལ་ཨང་། གསེར་འདི་དག་གིས་ཁོ་ཕེན་ཧ་ཀེན་ཧྲིལ་པོ་ཉོ་ཆོག་ལ་གོ་རེ་འཚོང་མཁན་མའི་ཀ་རའི་ཕག་ཚང་མའང་ཉོ་ཆོག། ད་དུང་འཇིག་རྟེན་གྱི་རོལ་རྩེད་དམག་མི་དང་རྟ་སྒ། ཤིང་གི་རྟ་ཚང་མ་ཉོ་ཐུབ། སྒོར་ཅི་འདྲའི་མང་བ་ལ། དམག་གིས་སྔོན་གྱི་དངུལ་སྒོར་ཚང་མ་གཡུགས་ནས་གློ་ཁུག་དང་རྒྱབ་ཁུག། ཞྭ་མོ་དང་འཇུར་རྟ་ཚང་མ་གསེར་གྱིས་གང་བ་བྱས་པས་འགྲོ་ཡང་མི་ཐུབ་པར་གྱུར། ཁོས་ཁྱི་དེ་སྒམ་ཐོག་ཏུ་བཞག་ནས་སྒོ་ལ་ཟྭ་བརྒྱབ་རྗེས་ཡར་བལྟས་ཏེ་ལྷ་མར་ང་ཕྱིར་འཐེན་ཤོག་ཅེས་བོས།
ལྷ་མས་མེ་ཆ་འཁྱེར་ཡོང་རྒྱུ་ཨེ་བྱུང་ཞེས་དྲིས།
དམག་གིས་ཨོ་ཏག་ཏག་རེད། དེ་ངོ་མ་བརྗེད་སོང་ཞེས་བཤད་ཞོར་ཕྱིར་མེ་ཆ་ལེན་དུ་སོང་སྟེ་ཁུར་ནས་ཡོང་བ་དང་། ལྷ་མས་ཐག་པས་ཁོ་རང་ཡར་འཐེན། ཁོ་ཡང་བསྐྱར་ལམ་ཆེན་དུ་འབྱོར་ཞིང་ཁུག་མ་ཚང་མར་གསེར་གྱིས་གང་།
དམག་གིས་ཁྱོད་མེ་ཆས་ཅི་བྱེད་ཅེས་དྲིས།
ལྷ་མས་འདི་ཁྱོད་དང་འབྲེལ་བ་མེད། སྒོར་མོ་ཁྱོད་ལ་ཐོབ་སོང་བས་མེ་ཆ་ང་ལ་སྟེར་ཤོག་ཅེས་བཤད།
དམག་གིས་ཉོག་གཏམ་མ་བཤད། ཁྱོད་ལ་འདིས་གོ་ཅི་ཆོད་མགྱོགས་པོ་ང་ལ་ཤོད། མ་བཤད་ན་གྲིས་སྐེ་གཅད་རྒྱུ་ཡིན་ཞེས་བཤད།
ལྷ་མས་འདི་ཁྱོད་ལ་བཤད་དགོས་དོན་མེད་ཅེས་བཤད།
དམག་གིས་དེ་མ་ཐག་མོའི་སྐེ་བཅད་པས་མོ་ས་ལ་འགྱེལ། ཁོས་ལྷ་མའི་སྒོར་མོ་ཡོད་ཚད་སྨད་གཡོག་ཏུ་བསྡམས་ནས་རྒྱབ་ཏུ་ཁུར་བ་དང་། མེ་ཆ་དེ་ཁུག་མའི་ནང་བཅུག་ནས་གྲོང་ཁྱེར་གྱི་ཕྱོགས་སུ་སོང་།
གྲོང་ཁྱེར་འདི་ནི་མཛེས་སྡུག་ལྡན་པ་ཞིག་རེད། ཁོ་མགྲོན་ཁང་ཡག་ཤོས་ཤིག་གི་ཁང་མིག་སྐྱིད་པོ་ཞིག་ཏུ་བསྡད་ནས་ཟས་ཞིམ་པོ་བོས། རྒྱུ་མཚན་ནི་ཁོ་རང་དེང་སང་ཕྱུག་པོར་ཆགས་ཡོད་པས་རེད། ཁོའི་འཇུར་རྟ་ཕྱིས་མཁན་གྱི་ཞབས་ཞུ་བའི་སེམས་ལ་ཁོ་ལྟ་བུའི་ཕྱུག་པོ་ཞིག་ལ་མཚོན་ན་ཀོ་ལྷམ་འདི་འདྲ་རྙིང་པ་ཞིག་གོན་རྒྱུ་དེ་མཚར་སྣང་སྐྱེས། ཡིན་ནའང་ཁོ་ལ་གསར་པ་ཉོ་ཁོམ་མ་བྱུང་བ་ཡིན་ཞིང་། ཕྱི་ཉིན་ལྷམ་དང་གོན་པ་གསར་པ་ཆ་ཚང་རེ་ཉོས། ད་ལྟ་ང་ཚོའི་དམག་མི་འདི་ཕྱུག་པོར་ཆགས་ཡོད་པས་མི་ཚང་མས་གྲོང་ཁྱེར་གྱི་དོན་དག་ཡོད་ཚད་ཁོ་ལ་བཤད་པས་མ་ཚད། རྒྱལ་པོའི་དོན་དག་དང་རྒྱལ་སྲས་མཛེས་མ་ཞིག་ཡོད་པ་ཡང་ཁོ་ལ་བཤད།
དམག་མིས་སྲས་མོ་དེ་དང་གང་ནས་འཕྲད་ཐུབ་ཅེས་བཤད།
ཚང་མས་སུ་ཡིན་ཡང་འཕྲད་ཐུབ་ཀྱི་མ་རེད། སྲས་མོ་དེ་ཟངས་ཀྱི་ཕོ་བྲང་ཆེན་མོ་ཞིག་ཏུ་ཡོད་ལ་ཕྱོགས་བཞིར་ལྕགས་རི་དང་མཆོད་རྟེན་མང་པོ་ཡོད་ཅིང་། རྒྱལ་པོ་ཁོ་ན་ཕོ་བྲང་དུ་རང་དགར་འགྲོ་ཆོག་པ་ལས་གཞན་སུ་ཡང་ཐུག་མི་ཐུབ། སྲས་མོ་དེ་མ་འོངས་པར་དམག་མི་དཀྱུས་མ་ཞིག་ལ་མནའ་མར་འགྲོ་དགོས་པའི་ལུང་བསྟན་ཡོད་པས་རྒྱལ་པོར་འདོད་མོས་མེད་པས་དེ་འདྲ་བྱས་པ་རེད་ཅེས་ཟེར།
དམག་མི་དེས་དེ་འདྲ་ཡིན་ན་ངས་གཅིག་བལྟ་ཡོང་ཞེས་བཤད་ཀྱང་། ཁོ་རང་ལ་དེའི་ཆོག་མཆན་མ་ཐོབ།
ཁོས་འཚོ་བ་སྐྱིད་པོར་རོལ་ཞིང་རྒྱུན་དུ་ཟློས་གར་ཁང་དུ་གླུ་གར་ལ་ལྟ་རུ་འགྲོ་བ་དང་། རྒྱལ་པོའི་སྐྱེད་ཚལ་དུ་སྤྲོ་འཁྱམ་ལ་འགྲོ་བཞིན་ཡོད། ད་དུང་དབུལ་པོ་ཚོར་དངུལ་གྱི་སྦྱིན་པ་བཏང་ཞིང་། སྦྱིན་པ་བཏང་བ་ནི་སྤྱོད་བཟང་ཞིག་ཡིན་ཏེ་རྒྱུ་མཚན་ནི་དབུལ་པོའི་དཀའ་སྡུག་གི་འཚོ་བ་རང་གིས་མྱངས་མྱོང་བས་ཡིན། ད་ལྟ་ཁོ་ལ་སྒོར་མོ་ཡོད་པས་གོན་པ་རྩ་ཆེན་གོན་ལ་གྲོགས་པོ་མང་པོ་བསྒྲིགས་ཤིང་། གྲོགས་པོ་ཚོས་ཁྱོད་ལྟ་བུའི་མི་ཧ་ཅང་དཀོན་ལ། ཁྱོད་རང་ནི་དཔའ་རྒོད་ཅིག་ཡིན་རབས་སོགས་བཤད་པས་ཁོ་རང་སྤྲོ་ལྷང་ལྷང་གྱུར། འོན་ཀྱང་ཁོས་སྒོར་མོ་ཕར་བཏང་བ་ལས་ཕྱིར་ཡོང་སྒོ་མེད་པས་མཇུག་མཐར་ཟངས་སྒོར་གཉིས་ལས་མ་ལྷག་པས་མགྲོན་ཁང་སྐྱིད་པོ་ནས་ཁང་པ་རྙིང་ཞིང་ཐོག་བརྩེགས་མཐོན་པོ་ཞིག་ཏུ་མི་སྤོ་ཀ་མེད་བྱུང་། དེ་ལྟར་འཇུར་རྟའང་རང་གིས་ཕྱི་དགོས་ལ་རལ་ན་ཡང་རང་གིས་བཙེམ་དགོས་ཤིང་། ཁོ་ནི་ཐོག་བརྩེགས་མཐོན་པོར་འདུག་ཡོད་པས་འཛེག་དཀའ་བས་སྔོན་གྱི་གྲོགས་པོ་དག་ཀྱང་ཡོང་མཁན་མེད་པ་རེད།
མཚན་མོར་སྨག་རུམ་ཇི་ལྟར་སྟུག་ནའང་པྲ་སྒྲོན་གཅིག་ཀྱང་ཉོ་ས་མེད་པར་གྱུར། སྐབས་དེར་ཁོར་མེ་ཆ་ཞིག་ཡོད་པ་ཡིད་ལ་དྲན་ཞིང་དེ་ནི་ལྷ་མ་དེས་ཁོ་རང་ལེན་དུ་མངགས་པའི་མེ་ཆ་དེ་རེད། ཁོས་མེ་ཆ་དེ་བླངས་ནས་སྒྲོན་མ་ཐག་ཁང་པའི་སྒོ་ཆེན་རང་ཤུགས་ངང་ཕྱེས་པ་དང་། དེ་ནས་མིག་ཟུང་གཉིས་ཇ་ཕོར་དང་འདྲ་བའི་ཁྱི་དེ་མཐོང་བྱུང་།
ཁྱིས་ངའི་བདག་པོ་ཁྱོད་ལ་བཀའ་ཅི་ཡོད་ཅེས་བཤད།
དམག་མི་དེས་མེ་ཆ་འདི་ངོ་མ་ཡ་མཚན་ཞིག་རེད། གལ་ཏེ་ངའི་འདོད་པ་ལྟར་དངོས་པོ་འཐོབ་ཐུབ་པ་ཡིན་ན་ང་ལ་ད་དུང་སྒོར་མོ་ཁྱེར་ཤོག་ཅེས་བཤད། དེ་ནས་སྒྲ་ཞིག་གྲག་པ་དང་མཉམ་དུ་ཁྱི་མེད་པར་གྱུར། སླར་ཡང་སྒྲ་ཞིག་གྲག་པ་དང་ལྷན་དུ་ཁྱིའི་ཁ་ནས་སྒོར་མོ་ཁུག་མ་གང་ཁུར་ནས་ཐོན།
དམག་མིས་མེ་ཆ་དེ་ནི་ཅི་འདྲའི་ཡ་མཚན་པ་ཞིག་ཡིན་པ་གཞི་ནས་ཤེས་ཤིང་། མེ་ཆ་ཐེངས་གཅིག་བསྒྲོན་མ་ཐག་ཟངས་སྒམ་གྱི་ཁྱི་དེ་ཐོན་པ་དང་། ཐེངས་གཉིས་བསྒྲོན་པ་ན་དངུལ་སྒམ་གྱི་ཁྱི་དེ་ཐོན། ཐེངས་གསུམ་བསྒྲོན་པ་ན་གསེར་སྒམ་གྱི་ཁྱི་དེ་ཐོན་པས། ཁོ་རང་སླར་ཡང་མགྲོན་ཁང་སྐྱིད་པོ་དེར་སྤོས་ནས་གོན་པ་རྩ་ཆེན་དག་གོན་པ་དང་། སྔོན་གྱི་གྲོགས་པོ་དག་གིས་ཀྱང་ངོ་ཤེས་བྱས་ཤིང་སེམས་ཁུར་ཡང་བྱས་པ་རེད།
ཐེངས་ཤིག་ལ་ཁོའི་སེམས་སུ་མི་གཞན་པ་དག་སྲས་མོར་མཇལ་མི་ཐུབ་པ་ངོ་མ་ཡ་མཚན་རེད། སྲས་མོ་དེ་ཕྱོགས་བཞིར་ལྕགས་རི་དང་མཆོད་རྟེན་མང་པོས་བསྐོར་བའི་ཟངས་ཀྱི་ཕོ་བྲང་ཆེན་མོ་ཞིག་ཏུ་བསྡད་ནས་ཅི་བྱ། ངས་ཀྱང་ཁོ་མཇལ་མི་ཐུབ་བམ། དེ་ནས་ཁོས་མེ་ཆ་བསྒྲོན་མ་ཐག་ཇ་ཕོར་འདྲ་བའི་མིག་ཅན་གྱི་ཁྱི་དེ་ཐོན།
དམག་གིས་ད་ལྟ་ནམ་གུང་ཡིན་ཡང་ངས་སྲས་མོ་དེར་ལྟ་བསམ་ཞིང་། མིག་གིས་ལྟ་ཙམ་བྱས་པས་ཀྱང་ཆོག་ཅེས་བཤད།
ཁྱི་དེ་མ་ཐག་སྒོར་བུད་པ་དང་། བློ་ཡུལ་ལས་འདས་པ་ཞིག་ལ་ཅུང་མ་འགོར་བར་སྲས་མོ་ཁུར་ནས་ཐོན། སྲས་མོ་ཁྱིའི་རྒྱབ་ནས་གཉིད་དུ་ཡུར་འདུག། མོ་ནི་ཧ་ཅང་མཛེས་པས་སུ་ཡིན་ཡང་འདི་ནི་ཀོང་ཇོ་ཞིག་ཡིན་པ་རྟོགས་ཐུབ། དམག་གིས་བཟོད་མ་ནུས་པར་མོར་འོ་ཞིག་བྱས་ལ་རྒྱུ་མཚན་ཁོ་ནི་དམག་མི་མདོག་ངན་པ་ཞིག་ཡིན།
དེ་ནས་ཁྱིས་ཀོང་ཇོ་ཕྱིར་ཁུར་ནས་སོང་། ནམ་ལངས་ནས་རྒྱལ་པོ་དང་རྒྱལ་ཡུམ་གྱིས་གསོལ་ཇ་བཞེས་སྐབས་ཀོང་ཇོས་མདང་སུམ་རྨི་ལམ་ཡ་མཚན་ཞིག་རྨིས་པ་བཤད། ཁོ་མོ་ཁྱིས་ཁུར་ནས་དམག་གིས་རང་ལ་འོ་ཞིག་བྱས་པ་ཇི་བཞིན་བཤད།
རྒྱལ་ཡུམ་གྱིས་འདི་དོན་དག་མཚར་པོ་ཞིག་རེད་ཅེས་བཤད།
དེའི་རྐྱེན་གྱིས་ཉིན་གཉིས་པའི་དགོང་མོར་གཡོག་མོ་ལོ་ལོན་ཞིག་གིས་ཀོང་ཇོ་སྲུང་དགོས་བྱུང་། འདི་རྨི་ལམ་ཡིན་ནམ་ཡང་ན་དོན་དག་གཞན་ཞིག་ཡིན་པ་བརྟག་དགོས་བསམ།
དམག་གིས་ཡང་བསྐྱར་མཛེས་སྡུག་ལྡན་པའི་ཀོང་ཇོར་ཐེངས་གཅིག་མཇལ་ན་བསམ། ཁྱི་ཡང་བསྐྱར་ཐོན་ནས་ཀོང་ཇོ་ཁུར་ནས་མགྱོགས་པོར་བུད་སོང་། གཡོག་མོས་མགྱོགས་པོར་ལྷམ་གོན་ནས་འགྲོས་ཚད་གཅིག་གིས་རྗེས་དེད་ནས་སོང་། ཁྱི་ཁང་པ་ཆེན་པོ་ཞིག་གི་ནང་སོང་བ་མཐོང་རྗེས་སེམས་ལ་ད་ངས་ས་འདི་ཤེས་སོང་སྙམ་ནས། མོས་སྒོ་རུ་ས་སྨྱུག་དཀར་པོས+རྟགས་ཤིག་བྲིས་ནས་ཕྱིར་ཉལ་དུ་སོང་། ཡུན་རིང་མ་འགོར་བར་ཁྱིས་ཀོང་ཇོ་ཕྱིར་བསྐྱལ་ནས་ཡོང་སྐབས་སྒོ་ཆེན་དུ+རྟགས་འདི་བརྒྱབ་ཡོད་པ་མཐོང་། ཁྱིས་ཀྱང་གྲོང་ཁྱེར་གྱི་སྒོ་ཀུན་ལ+རྟགས་འདི་བརྒྱབ། ཁྱི་ནི་བློ་རིག་གྲུང་པོ་ཞིག་ཡིན་པས་འདི་ལྟར་བྲིས་ན་གཡོག་མོས་ཁང་པ་གང་ཡིན་གསལ་པོ་ཤེས་མི་ཐུབ་པ་གོ།
ཕྱི་ཉིན་ཞོགས་པར་རྒྱལ་པོ་དང་རྒྱལ་ཡུམ། གཡོག་མོ། བློན་པོ་ཚང་མ་ཀོང་ཇོ་ཐོན་པའི་ཁང་པ་དེར་འཛོམས།
རྒྱལ་པོས་ཁང་པ་དང་པོར+རྟགས་འདི་བརྒྱབ་ཡོད་པ་མཐོང་རྗེས་འདི་རེད་ཅེས་བཤད།
རྒྱལ་ཡུམ་གྱིས་ཁང་པ་གཞན་ཞིག་ལ་ཡང+རྟགས་འདི་བརྒྱབ་ཡོད་པ་མཐོང་རྗེས་སྙིང་ཉེ་བའི་ཁྱོ་ག་ལགས་འདི་མ་རེད་ཅེས་བཤད།
སྐབས་དེར་ཚང་མས་མགྲིན་གཅིག་གིས་དེ་ན་ཡང+རྟགས་འདི་འདུག། དེ་ན་ཡང་འདུག་ཅེས་བཤད། རྒྱུ་མཚན་ཁོ་ཚོས་གང་ལ་བལྟས་ཀྱང་སྒོ་ཚང་མར+རྟགས་འདི་བརྒྱབ་ཡོད་པས་ཇི་ལྟར་བཙལ་ཀྱང་མཇུག་འབྲས་མ་ཐོབ།
འོན་ཀྱང་རྒྱལ་ཡུམ་ནི་བུད་མེད་ཧ་ཅང་གྲུང་པོ་ཞིག་ཡིན། མོས་ཤིང་རྟ་འཁོར་ལོ་བཞི་ཅན་ཏུ་འདུག་ཤེས་པར་མ་ཟད་དོན་དག་གཞན་དག་ཀྱང་སྒྲུབ་ཤེས་མཁན་ཞིག་ཡིན། མོས་རང་གི་གསེར་གྱི་ཁེ་གྲི་ཞིག་བཟུང་ནས་དར་གོས་ཆ་ཤས་འགར་གཤགས། དེས་ཁུག་མ་གྲལ་དག་ཅིག་བཟོས། ཁུག་མའི་ནང་དུ་བྲ་ཕྱེ་གང་བླུགས་ནས་ཀོང་ཇོའི་རྒྱབ་ཏུ་བཏགས། དེའི་འཕྲོད་ནས་མོས་ཁུག་མར་ཁུང་བུ་ཆུང་ཆུང་ཞིག་བརྟོལ་ན་བྲ་ཕྱེ་གཏོར་ནས་འགྲོ་བས་ཀོང་ཇོ་སོང་བའི་རྗེས་ཤུལ་ཤེས་ཐུབ།
དགོང་མོར་ཁྱི་ཡང་འོངས་ནས་ཀོང་ཇོ་དམག་གི་སར་ཁུར་ཏེ་སོང་། དམག་ནི་ཀོང་ཇོར་དགའ་ཞིང་རྒྱལ་སྲས་ཞིག་ཏུ་གྱུར་ནས་མོ་དང་གཉེན་སྒྲིག་བྱས་ན་བསམ།
ཁྱིས་མ་ཤེས་པར་ཀོང་ཇོ་ཁུར་ནས་དམག་གི་སར་ཡོང་དུས་བྲ་ཕྱེ་དེ་ཕོ་བྲང་ནས་འདུག་སའི་སྒེའུ་ཁུང་བར་གཏོར་བ་དང་། ཞོགས་པར་རྒྱལ་པོ་དང་རྒྱལ་ཡུམ་གྱིས་ཀོང་ཇོ་གང་དུ་བུད་སོང་བ་གསལ་པོ་ཤེས་ལ་དམག་མི་དེ་བཟུང་ནས་བཙོན་ཁང་དུ་བཅུག།
བཙོན་ཁང་ནི་སྨག་ནག་པའི་ཁང་མིག་ཅིག་ཡིན་ལ་མི་རྣམས་ཀྱིས་དམག་ལ་བཤད་རྒྱུར་སང་ཉིན་ཁྱོད་གནམ་བཀལ་དཔྱང་རྒྱུ་རེད་ཅེས་བཤད། དོན་དག་འདི་རྩེད་མོ་ཞིག་གཏན་ནས་མིན་ཏེ་ཁོས་མེ་ཆ་ཡང་མགྲོན་ཁང་ནས་བརྗེད་སོང་། ཉིན་གཉིས་པའི་ཞོགས་པར་ཁོས་དྲ་མིག་ནས་མི་མང་པོ་གྲོང་ཁྱེར་དུ་རང་ཉིད་ལ་སྲོག་ཁྲིམས་གཅོད་པར་བལྟ་རུ་ཡོང་བ་མཐོང་། རྔ་རྡུང་བའི་སྒྲ་གོ་ལ་དམག་དཔུང་གིས་གོམ་ཆེན་སྤོས་ནས་ཡོང་བའང་ཚོར། མི་རྣམས་ཕྱིར་འབྲོ་བཞིན་ཡོད་ལ་དེའི་ཁྲོད་ལྷམ་བཙེམ་པའི་བུ་ཞིག་ཡོད་དེ་ཁོ་ཧ་ཅང་མགྱོགས་པོས་འབྲོ་བཞིན་ཡོད་པས་རྐང་འགོའི་འདྲུད་ལྷམ་ཡང་གྱང་རྩར་འཕུར། བཙོན་ནང་གི་དམག་མི་དེ་རུ་ཡོད་ལ་བལྟས་ནས་བསྡད།
དམག་གིས་ལྷམ་བཙེམ་པའི་བུ་འདྲེ་ཕྲུག་ཁྱོད། འདི་ལྟར་འཚབ་ནས་ཅི་བྱེད། ང་ཁྲིམས་རར་མ་ཐོན་སྔོན་ལྟད་མོ་ཅི་ཡང་ཡོད་པ་མ་རེད། གལ་ཏེ་ཁྱོད་ངའི་འདུག་སར་སོང་ནས་མེ་ཆ་ཞིག་འཁྱེར་ཐུབ་ན་ངས་ཁྱོད་ལ་སྒོར་མོ་བཞི་སྟེར། འོན་ཀྱང་ཁྱོད་མགྱོགས་པོར་བརྒྱུགས་ནས་འགྲོ་དགོས་ཞེས་བཤད། ཁོར་སྒོར་མོ་བཞི་འཐོབ་འདོད་ཆེ་བས་མགྱོགས་པོར་མེ་ཆ་བླངས་ནས་ཐོན་ཏེ་དམག་མི་ལ་སྤྲད། དེའི་འཕྲོར་དོན་དག་ལ་འགྱུར་ལྡོག་ཡ་མཚན་ཅི་བྱུང་ང་ཚོས་རིམ་གྱིས་ཤེས་ཐུབ། གྲོང་ཁྱེར་ཕྱི་རུ་སྐེ་གཅོད་སྟེགས་བུ་མཐོན་པོ་ཞིག་ཡར་བཀྱགས་ཡོད་ལ་མཐའ་བཞིར་དམག་དཔུང་དང་མང་ཚོགས་ཁྲི་མ་འབུམ་གྱིས་ཁེངས་འདུག། རྒྱལ་པོ་དང་རྒྱལ་ཡུམ་གཉིས་ཁྲིམས་དོན་དང་ཁྲིམས་རོགས་ཚོ་དང་ཁ་གཏད་ཀྱི་ཁྲི་རྫིག་པོ་ཞིག་ཏུ་བཞུགས་འདུག།
དམག་མི་དེ་སྟེགས་བུའི་སྐས་ཐོག་ཐོན་ཡོད་ལ། སྐེ་གཅོད་ཐགས་པ་རང་གི་མགོར་བསྐོན་པའི་སྐབས་སུ། ཁོས་ཉེས་ཅན་ཞིག་ལ་ཉེས་ཆད་མ་གཅད་པའི་སྔོན་དུ་དེ་ཡི་རེ་བ་ཐེངས་གཅིག་བརྗོད་ཆོག་ལ་རེ་བ་དེའང་བསྐང་ཅི་ཐུབ་ཡིན་ངེས་པས། ཁོས་ཐ་མག་རྐང་གཅིག་འཐེན་ན་འདོད་ཅིང་། ཐ་མག་དེའང་ཁོའི་འཇིག་རྟེན་སྟེང་གི་ཆེས་མཇུག་མཐའི་ཐ་མག་དེ་ཡིན་ངེས།
རེ་བ་འདི་ལ་རྒྱལ་པོས་མི་ཆོག་མི་ཟེར་ཞིང་། དེ་བས་དམག་མི་དེས་ཁོའི་མེ་ཆ་བླངས་ནས་ཐེངས་འགར་བརྡར་རྗེས། གཅིག་གཉིས་གསུམ། ཁྱི་གསུམ་པོ་དེ་མ་ཐག་ཐོན་བྱུང་ལ་གཅིག་གི་མིག་ནི་ཇ་ཕོར་དང་འདྲ། གཅིག་གི་མིག་ནི་འཁོར་ལོ་དང་འདྲ་ལ་གཞན་ཞིག་གི་མིག་ནི་མཆོད་རྟེན་དང་འདྲ།
དམག་གིས་ང་ལ་རོགས་བྱས་ནས་སྲོག་སྐྱོབས་ཤོག་ཅེས་བོས།
སྐབས་དེར་ཁྱི་གསུམ་པོས་ཁྲིམས་དཔོན་དང་ཁྲིམས་རོགས་ཚོར་མཆོངས་ཏེ། ལ་ལའི་རྐང་པར་སོ་བཏབ་པ་དང་ལ་ལའི་སྣ་ལ་སོ་བཏབ། མི་ཚང་མ་གནམ་ལ་མཐོན་པོར་གཡུགས་ནས་མར་ལྷུང་དུས་ཤ་ཉོག་ཏུ་བཏང་།
རྒྱལ་པོས་ང་ལ་དེ་འདྲ་བྱ་མི་ཆོག་ཅེས་བཤད་མོད། ཁྱི་ཆེ་བ་དེས་རྒྱལ་པོ་དང་རྒྱལ་ཡུམ། དེ་མིན་གྱི་མི་རྣམས་ཡར་འཕེན་མར་གཡུགས་བྱས། སྐབས་དེར་དམག་དཔུང་སྐྲག་ཅིང་མང་ཚོགས་ཀྱི་ཁ་ནས་དམག་མི་ཁྱེད་ང་ཚོའི་རྒྱལ་པོར་བྱ་རོགས། ཀོང་ཇོ་དང་ཁྱེད་གཉིས་ཀྱང་གཉེན་སྒྲིག་བྱ་རོགས། ཞེས་འུར་བརྒྱབ།
དེ་ནས་མི་ཚང་མས་དམག་མི་དེ་རྒྱལ་པོའི་འཁོར་ལོ་བཞི་ཅན་གྱི་ཤིང་རྟར་བཞག་ལ་ཁྱི་དག་གིས་མདུན་ནས་ཡར་མཆོང་མར་རྒྱུག་བྱས། དེར་བསྟུན་ངག་ནས་ཁྲི་ལོར་ཤོག་ཅེས་བོས། བྱིས་པས་མཛུ་གུས་བསིལ་སྒྲ་བུས་ཤིང་དམག་དཔུང་གིས་གུས་པ་བྱས། ཀོང་ཇོ་རང་གི་ཟངས་ཀྱི་ཕོ་བྲང་ནས་སྒོར་བུད་ཅིང་རྒྱལ་ཡུམ་བྱས་ཤིང་སེམས་ཀྱང་དགའ་ཞིང་ཚིམས་ནས་ཡོད། གཉེན་སྒྲིག་མཛད་སྒོ་ཉིན་བརྒྱད་ལ་ཚོགས་ཤིང་ཁྱི་གསུམ་པོའང་ཅོག་ཙེའི་སྟེང་བསྡད་དེ་མིག་ཟུང་གཉིས་ཆེས་ཆེར་བགྲད་ནས་ཡོད་དོ།། ༼ ཨན་ཐུའུ་ཧྲེང་གིས་བརྩམས།མིག་དམར་དོན་འགྲུབ་ཀྱིས་བསྒྱུར། ༽
