国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐལ་བཟང་མེ་ཏོག་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ་དཀར་མཛེས་ཁུལ་ དཔེ་མཛོད་ཁང་དུ་འཚོགས།

སྤྱི་ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་སྒྲོག་པུའུ་དང་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་དཀར་མཛེས་ཁུལ་དཔེ་མཛོད་ཁང་གིས་སྒྲུབ་འགན་ཁུར་བ་དང་། གངས་དཀར་རི་བོ་དུས་དེབ་ཁང་དང་དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི“སྐལ་བཟང་མེ་ཏོག་དཔེ་ཀློག་མཉམ་སྤྱོད་ཚོགས་འདུ”དཀར་མཛེས་ཁུལ་དཔེ་མཛོད་ཁང་དུ་འཚོགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། དཀར་མཛེས་ཁུལ་ཆོས་ལུགས་ལས་དོན་ཨུ་ལྷན། དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས། དར་མདོ་གྲོང་ཁྱེར་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་སོགས་ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཁག་གི་མི་སྣ་ཐེངས་འདིའི་དཔེ་ཀློག་མཉམ་སྤྱོད་དུ་ཞུགས་ཡོད་པ་རེད།

འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“དམངས་ཡོངས་ཀྱིས་དཔེ་ཀློག་དར་སྤེལ་བཏང་ནས་དཔེ་ཀློག་སྤྱི་ཚོགས་བསྐྲུན་པའི”སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་བསྟར་བའི་འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས31པ་བསུ་བའི་རྩོམ་རིག་བརྩམས་ཆོས་མཉམ་སྤྱོད་དང་སྤེལ་རེས་བྱས་པ་ཞིག་ཡིན་ལ། དཔེ་ཀློག་བྱེད་སྒོ་འདི་བརྒྱུད་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་། རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ཕུལ་དུ་བྱུང་བ་འགྲེམ་སྟོན་དང་། སྤྱི་དམངས་ཀྱི་དཔེ་ཀློག་སྤྲོ་སེམས་སྐུལ་སློང་དང་རྩོམ་རིག་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དཔེ་དེབ་བཀླག་རྒྱུར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཐེངས་འདིའི་བྱེད་སྒོ་དམིགས་སུ་བཀར་ནས་སྤེལ་བ་ཞིག་རེད་འདུག།

བྱེད་སྒོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ། སློབ་གཙོ་གཞོན་པ་ཟུར་པ་འགྱུར་མེད་ཚེ་དབང་དང་། དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཏང་ཚན་ཁག་གི་ཁོངས་མི། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་གངས་དབང་བཀྲ་ཤིས་རྣམ་པ་གཉིས་ཀྱིས་རང་རང་གིས་རྩོམ་རིག་གསར་རྩོམ་དང་རིགས་གཞུང་ཞིབ་འཇུག་སོགས་ལ་ཅི་ལྟར་འཇུག་ཚུལ་སོགས་ཀྱི་ཉམས་མྱོང་དང་དགོངས་ཚུལ། དཔེ་ཀློག་ལ་ཅི་ལྟར་འཇུག་དགོས་ཚུལ། སོ་སོའི་ཁམས་དང་མོས་པར་བསྟུན་ནས་དཔེ་ཆ་གདམ་ཤེས་པ་དང་བཀླག་ཤེས་པ་དགོས་གལ་ཆེ་ཚུལ་སོགས་རུམ་ལ་བསྡུ་རྒྱུའི་བྲོ་དང་ཞེ་ལ་འཛིན་རྒྱུའི་ཚིག་གི་འཆད་ཁྲིད་གཟབ་རྒྱས་གནང་། འཆད་ཁྲིད་ཀྱི་བར་མཚམས་སུ་རིག་རྩལ་རྩོམ་རིག་གྱེར་འདོན་སོགས་ཀྱིས་བྱེད་སྒོ་འདི་ཉིད་ཕུན་སུམ་ཚོགས་པོར་བཏང་བ་དང་། མཇུག་ཏུ་ཚོགས་མི་ཡོངས་ཀྱིས་རང་རང་གིས་དཔེ་ཀློག་ལ་འཇུག་ཚུལ་དང་དཔེ་ཀློག་དགོས་གལ་ཆེ་ཚུལ་སོགས་ཀྱི་གཏམ་བཤད་སྤེལ་རེས་བྱས་ཡོད་པ་རེད།

ད་ཐེངས་འཛམ་གླིང་དཔེ་ཀློག་ཉིན་མོའི་དུས་བཟང་ཚེས་བཟང་འདི་ལ། དཀར་མཛེས་ཁུལ་དཔེ་མཛོད་ཁང་གིས་འདི་ལྟ་བུའི་དཔེ་ཀློག་གི་བྱེད་སྒོ་ཕུན་སུམ་ཚོགས་པ་རེ་སྤེལ་བ་འདི་ནི་རང་རེའི་དཔེ་ཀློག་ཐོས་བསམ་གྱི་ལས་ལ་བློ་རྩེ་གཅིག་ཏུ་བརྩོན་མཁན་ཚང་མ་ལ་མཚོན་ན་གོ་སྐབས་ཧ་ཅང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། སྤྱིར་ན་དུས་རྒྱུན་དཔེ་ཀློག་ལ་བརྩོན་བཞིན་པའི་མི་ཞིག་ཡིན་ན་ཉི་མ་རྟག་པར་དཔེ་ཀློག་ཉིན་མོ་ཡིན་པས་ཉིན་མོ་འདི་དམིགས་བསལ་གང་ཡང་ཡོད་པ་མ་རེད་ལ། ཡིན་ན་ཉིན་མོ་འདི་ནི་ཚང་མར་དཔེ་ཀློག་ལ་དྲན་སྐུལ་དང་སྐུལ་སློང་བའི་ཉིན་མོ་ཞིག་ཡིན་པས་ཚང་མས་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་དགོས་པའི་གནས་ཤིག་རེད། ཡང་སྒོས་དར་རྩེ་མདོ་ས་ཆ་གཅིག་པུར་མཚོན་ནའང་སྐད་ཡིག་དང་ཆོས་རིག་གི་བསྟན་པ་རླབས་ཆེན་དར་མྱོང་སའི་ས་ཞིག་ཡིན་པས། འདི་ལྟ་བུའི་ས་ཆར་ཐོས་བསམ་དཔེ་ཀློག་གི་ཁོར་ཡུག་བཟང་པོ་རེ་ཆགས་ཐུབ་ན་ཕྱོགས་ཡོངས་ནས་ཕན་པ་བཟང་པོ་འབྱུང་རྒྱུ་རེད།

སྐུ་ཚེ་ཐོས་བསམ་གྱིས་བསྐྱལ་བའི་གནམ་གྱིས་ས་བཀབ་པ་ལྟ་བུའི་རང་རེའི་སྔོན་བྱོན་མེས་པོ་སྐྱེས་ཆེན་གསེར་རིའི་ཕྲེང་བ་དང་འཛམ་གླིང་ཡུལ་གྲུ་ཁག་གི་མི་སྣ་རླབས་ཆེན་སོགས་སུ་དང་གང་ཞིག་ཡིན་རུང་དཔེ་ཀློག་ཐོས་བསམ་གྱི་མདུན་ལམ་བརྒྱུད་ནས་ཤེས་རབ་འོད་ཀྱིས་ཐུགས་ཀྱི་རྒྱུད་གསལ། མཁྱེན་པའི་སྟོབས་རྒྱས། ཤེས་པའི་མཐིལ་རྟོགས་ནས་གསུང་རབ་བསྟན་བཅོས་མང་པོ་རང་རེའི་བགོ་སྐལ་དུ་བཞག་ཡོད་པ་ཡིན་པས། འུ་ཅག་གིས་གསུང་རབ་འདི་ཚོ་བཀླགས་ནས་མེས་པོའི་བློ་གྲོས་རྟོགས་པར་བྱས་ཤིང་ཕྱི་ནང་གི་ཤེས་བྱ་རྒྱ་ཆེན་གསོག་འཇོག་བྱས་ནས་རང་ཉིད་ལ་ཤེས་རབ་རྒྱས་ཐབས་སུ་བརྩོན་དགོས་པ་རི་ཁ་བ་ཅན་གྱི་ཕུགས་རེ་ལྡན་པའི་གཞོན་སྐྱེས་ཚང་མས་འབད་པའི་གནད་དམ་པ་ཡིན་པ་ཤེས་པར་བྱ་དགོས་སོ།།

( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།)