国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གིས་འཛམ་གླིང་ དཔེ་ཀློག་ཉིན་མོར་དཔེ་ཀློག་བགོས་རོལ་བྱེད་སྒོ་སྤེལ།

2026ལོའི་ཟླ4པའི་ཚེས23ཉིན། དགེ་སློབ་ཀྱི་དཔེ་ཀློག་དགའ་ཞེན་སློང་བ་དང་སྐུལ་མ་གཏོང་ཆེད་བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གིས་འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས་སོ་གཅིག་པ་ཤར་བ་དང་བསྟུན་ནས་དཔེ་ཀློག་བགོས་རོལ་བྱེད་སྒོ་སྤེལ་བ་རེད། ཐེངས་འདིའི་དཔེ་ཀློག་གི་བྱེད་སྒོ་སྤེལ་མཁན་ནི་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གི་སྐད་ཡིག་སྡེ་ཁག་ཡིན་ཞིང་། སྐད་ཡིག་སྡེ་ཁག་གི་ཚོགས་གཙོའི་སྣེ་ཁྲིད་འོག་ཏུ་སྐད་ཡིག་དགེ་རྒན་རྣམས་ཀྱིས་རྩ་འཛུགས་བྱས་ལ། དེ་བཞིན་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན་ཚང་མས་རྒྱབ་སྐྱོར་བྱས་ནས་བྱེད་སྒོ་ལེགས་འགྲུབ་བྱུང་།

ཐེངས་འདིའི་བྱེད་སྒོར་སློབ་ཆུང་གི་དཔེ་ཀློག་བགོས་རོལ་བ16དང་སློབ་འབྲིང་གི་དཔེ་ཀློག་བགོས་རོལ་བ43བསྡོམས་པས་སློབ་མ59ཞུགས་ཡོད། དགེ་རྒན་དཔེ་ཀློག་བགོས་རོལ་པ་ནི་སྐད་ཡིག་དགེ་རྒན་དང་གྲངས་རིག་སྡེ་ཁག་གི་དགེ་རྒན2དང་རྒྱ་ཡིག་སྡེ་ཁག་གི་དགེ་རྒན2བཅས་ལས་གྲུབ་ཡོད། བརྗོད་བྱ་ནི་འཚོ་བར་དཔེ་ཀློག་མཁོ་བ་དང་དཔེ་ཀློག་གི་དོན་སྙིང། དཔེ་ཀློག་གིས་བསམ་བློར་དྲག་ཆས་སྤྲས་ཐུབ་པ་སོགས་དང་།གཏམ་རྒྱུད་ཀྱི་སྐོར་ལ་མི་རོ་རྩེ་སྒྲུང་དང་སྒྲུང་གཏམ་གྱི་སྐོར་ལ་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད། ཆུ་ངོགས་གཏམ་རྒྱུད། དེ་བཞིན་ངར་ལྕགས་ལྟ་བུའི་མི་ཇི་ལྟར་གྲུབ་པ་སོགས་སྣ་མང་འདུས།

སྤྱི་ཁྱབ་ལྟ་སྐུལ་པས་སློབ་མ་དག་གི་སྐད་ཆའི་སྒྱུ་རྩལ་བཟང་བ་དང་སྐད་གསང་མཐོ་བ། ད་དུང་སྐད་ཆ་ལ་དམངས་ཁྲོད་ཀྱི་གཏམ་དཔེ་སྦྱར་ནས་བཤད་པ་ལ་བསྟོད་བསྔགས་མཛད། སློབ་གྲྭའི་མགོ་ཁྲིད་ཀྱིས་བྱེད་སྒོར་ཞུགས་མཁན་དགེ་སློབ་དང་འབྲེལ་ཡོད་ལས་སྒྲུབ་པའི་རྒྱབ་སྐྱོར་ལ་བཀའ་དྲིན་ཞུས་པ་དང་འབྲེལ། དཔེ་ཀློག་ལ་དགའ་བའི་སློབ་མ་ཚོར་སྐུལ་མ་ཡང་ཡང་བྱས།

ཐེངས་འདིར་དཔེ་ཀློག་བགོས་རོལ་པ་ཚང་མས་རང་ཉིད་ཀྱིས་ནུས་པ་ཡོད་དགུ་སྤྲུགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རང་ཉིད་ཀྱི་དཔེ་ཀློག་མྱོང་ཚོར་ལྷུག་པོར་བརྗོད་པ་དང་། སློབ་གྲྭས་ཀྱང་ཁ་བཏགས་དཀར་པོས་སྣེ་དྲངས་ཏེ་ཟིན་བྲིས་དང་དཔེ་ཆ། སྨྱུ་གུ་སོགས་ལེགས་སྐྱེས་སུ་སྤྲད་ནས་བརྩོན་སྐུལ་བྱས་པ་རེད།།

(བསྟན་པ་རྒྱལ་མཚན་གྱིས་བྲིས། )