སྤྱི་ཟླ4པར་ཝུའུ་ཧན་ལྟེ་བུའི་དཔེ་མཛོད་ཁང་གི་ཁང་ཐོག་གཉིས་པར་དམངས་ཡོངས་ཀྱི་དཔེ་ཀློག་གླིང་སྟེགས་སུ་འབྲི་ཆུའི་བུ་རྒྱུད་ཅེས་པའི་བྱིས་པའི་རྩོམ་རིག་བརྩམས་ཆོས་རབ་རིམ་གྱི་དཔེ་ཆ་གསར་པ་ཐོག་མར་འགྲེམས་སྤེལ་བྱེད་སྒོ་དུས་བཀག་ལྟར་སྤེལ་ཞིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་བྱིས་པའི་རྩོམ་རིག་རྩོམ་པ་པོ་དང་དཔྱད་བརྗོད་པ། དཔེ་སྐྲུན་པ། དཔེ་མཛོད་ཁང་གི་འཐུས་མི། ཀློག་པ་པོ་ཆུང་ཆུང་གི་འཐུས་མི་བཅས་མཉམ་དུ་འཛོམས་ནས་རྩོམ་དེབ་གསར་པ་ལྔ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་བདེན་དཔང་བྱས།།
རང་ཁུལ་གྱི་བུད་མེད་བོད་རིགས་རྩོམ་པ་པོ་རྣམ་རྒྱལ་ཚེ་རིང་གིས་བྱིས་པའི་རྩོམ་རིག《འབྲོག་གླུ་གསུམ》དུ་མཚོ་བོད་མཐོ་སྒང་གི་བོད་རིགས་དང་རྒྱ་རིགས། དབྱིས་རིགས་བཅས་མི་རིགས་མཉམ་དུ་གནས་པའི་བརྒྱད་ཟིལ་རྫོང་གི་ཆོས་རིང་གྲོང་སྡེ་རྒྱབ་ལྗོངས་སུ་བྱས་ནས་མཐོ་སྒང་བྱིས་པའི་འཚར་ལོངས་ཀྱི་ལོ་རྒྱུས་བཀོད་དེ་འབྲི་ཆུ་རྒྱུད་ཀྱི་བྱིས་པའི་རྩོམ་རིག་བརྩམས་ཆོས་ལྔའི་ནང་ཚུད་པ་རེད།
རྣམ་རྒྱལ་ཚེ་རིང་གི་སྨྱུག་འོག་གི་ཆོས་རིང་གྲོང་སྡེ་ནི་ཁྲོན་ནུབ་མཐོ་སྒང་དུ་ལྷིང་འཇགས་སུ་གནས་པའི་ཡུལ་སྡེ་ཞིག་ལ། ཆུང་དུས་སུ་ཉིན་མོར་མོ་བྱིས་པའི་གྲོགས་པོ་དང་འགྲོགས་ནས་ནོར་ལུག་འཚོ་བ་དང་རྩྭ་འཐུ་བ། མཚན་མོར་རྨོ་མོས་མེ་ཁར་བལ་འདབ་ཞོར་གནའ་སྒྲུང་བཤད་པར་ཉན་བཞིན་པའི་སྤྲོ་སྐྱིད་བག་ཕེབས་ཀྱི་འཚོ་བ་རོལ་ཡོད་པ《འབྲོག་གླུ་གསུམ》ལས་མཚོན་ཐུབ། བརྩམས་ཆོས་ནང་རང་བྱུང་ལ་བརྩི་འཇོག་དང་འཚོལ་ཞིབ། གཉེན་ཉེ་རོགས་པོར་ཡིད་ཆེས་དང་སྲུང་སྐྱོང་། ཕུགས་འདུན་བརྩོན་ལེན་བཅས་བསྟན་པར་མ་ཟད། ད་དུང་བྱིས་པའི་འཚར་ལོངས་དུས་ཀྱི་འཚབ་འཚུབ་དང་མུན་འཐོམས་ཀྱང་བསྟན་པ་རེད།
《འབྲོག་གླུ་གསུམ》པར་དུ་བསྐྲུན་པ་ནི་རང་ཁུལ་བྱིས་པའི་རྩོམ་རིག་བརྩམས་ཆོས་ཀྱི་འགག་རྟོལ་གལ་ཆེན་ཞིག་ཡིན་ལ། ཐ་ན་རྒྱལ་ཡོངས་དང་འཛམ་བུ་གླིང་ལ་དཀར་མཛེས་ཁུལ་གྱི་རིག་གནས་ཕུན་སུམ་ཚོགས་པོ་དང་རང་བྱུང་མཛེས་ཁམས། མི་རིགས་འཆམ་མཐུན་མཉམ་གནས་བཅས་ཀྱི་རྣམ་པ་མཚོན་བྱེད་ཀྱི་མེ་ལོང་དུ་གྱུར། མོ་སྐྱེ་འཚར་བྱ་ཡུལ་ནི་བརྒྱད་ཟིལ་བོད་དབྱིས་ཁྱམས་ལམ་གྱི་མཐིལ་ཡིན་པ་དང་རྒྱ་བོད་དབྱིས་གསུམ་གཙོས་བྱས་པའི་མི་རིགས་ཕན་ཚུན་མཉམ་དུ་འདྲེས་ཡོད་ལ་རིག་གནས་ཡང་སྣ་མང་ཕུན་སུམ་ཚོགས་པོ་ཡིན་པ་མོའི་བརྩམས་ཆོས་ནས་མངོན་ཐུབ།
རྣམ་རྒྱལ་ཚེ་རིང་གིས་འབྲི་ཆུ་ནི་ས་ཁམས་དོན་སྙིང་ཐད་ནས་མ་ཡུམ་ཆུ་བོ་ཞིག་ཡིན་པར་མ་ཟད། རིག་གནས་དོན་སྙིང་ཐད་ནས་ཀྱང་བསམ་པའི་འབྲེལ་ཐག་དེ་བས་ཀྱང་ཡིན། ཆོས་རིང་གྲོང་སྡེ་ནི་འབྲི་ཆུའི་རིག་གནས་ཕུན་སུམ་ཚོགས་པའི་རང་བཞིན་དང་སྐྱེ་ཁམས་སྣ་མང་རང་བཞིན་གྱི་བསྡུས་གཟུགས་མ་དཔེ་ཞིག་དང་འདྲ་ལ་འབྲི་ཆུའི་རིག་གནས་ཀྱི་འཆར་ཡན་ཁྱད་གཤིས་ཀྱང་ལྡན་ཡོད། དེ་གའི་ཕྲུ་གུ་ཡང་འབྲི་ཆུའི་བུ་རྒྱུད་རེད།སླད་ཕྱིན་དུ་རྩོམ་རིག་གི་རྣམ་པའི་ཐོག་ནས་དཀར་མཛེས་ཁུལ་གྱི་ཕྲུ་གུ་ཚོའི་གཏམ་རྒྱུད་མུ་མཐུད་ཟིན་ཐོར་བཀོད་དེ་མི་དེ་བས་མང་པོས་འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་དང་བྱིས་པ་འཚར་ལོངས་བྱུང་ཚུལ་མཐོང་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།།
ལྷུག་བརྗོད་སྙན་ཚིག་ལམ་ནས་མཐོ་སྒང་
དྲོད་ཁོལ་མངོན་ལ་འབད།
རྣམ་རྒྱལ་ཚེ་རིང་ནི་དེང་རབས་བོད་རིགས་རྩོམ་པ་པོའི་དཔུང་ཁག་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཞིག་ཡིན་པ་དང་ཁོང་གི་ལྷུག་རྩོམ་བརྩམས་ཆོས་ལས་སྙན་ངག་རང་བཞིན་གྱི་སྐད་ཆའི་ཐོག་ནས་མཐོ་སྒང་གི་འཚོ་བ་བྲིས་ཤིང་། དེར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྩོམ་རིག་གི་རྣམ་པ་མངོན་ཡོད། ཉེ་བའི་ལོ་ཤས་རིང་མོས་ལྷུག་རྩོམ་ཕྱོགས་བསྒྲིགས་མང་པོ་ཞིག་ལ་བརྟེན་ནས་མེ་ཏོག་མཉམ་བཞད་ཀྱི་རྩོམ་རིག་བྱ་དགའ་སོགས་ཐོབ་པས་རྩོམ་རིག་སྟེགས་བུས་དོ་ཁུར་བྱེད་ཡས་སུ་གྱུར།
མོ་ནི་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། པ་ཅིན་རྩོམ་རིག་སློབ་གླིང་གི་གན་རྒྱ་བཞག་པའི་རྩོམ་པ་པོ། དཀར་མཛེས་ཁུལ་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བཞིན་ཡོད། མོའི་གསར་རྩོམ་ནང་གངས་ཅན་རིག་གནས་དང་མཐའ་མཚམས་ས་ཁུལ་གྱི་ཡུལ་སྲོལ་གཅིག་བསྡུས་བཀོད་པ་དང་། འབྲི་རྩལ་ལ་ཁྱད་ཆོས་ལྡན་པའི་མཛེས་ཉམས་དང་སྙན་ངག་རང་བཞིན་བཅས་ཀྱི་ཉམས་འགྱུར་ལྡན་ཡོད། ཚབ་མཚོན་བརྩམས་ཆོས《མེ་ཐབ་འགྲམ་གྱི་ལྷུག་བརྗོད》ལས་མེ་ཐབ་འགྲམ་གྱི་འཕྲིན་ཡིག་གི་རྣམ་པའི་ཐོག་ནས་བོད་འབྲེལ་ས་ཁུལ་གྱི་བབ་ཆགས་འཚོ་བའི་རྣམ་པ་དང་གསོན་ཉམས་དོད་པའི་མི་སྣའི་སྐུ་བརྙན་བཀོད་ཡོད་པས་དཔྱད་གཏམ་རིགས་ཀྱིས“སྙིང་སྟོབས་ཀྱི་འོད་ཟེར་འཕྲོ་བའི”ལྷུག་རྩོམ་ཕྱོགས་བསྒྲིགས་ཤིག་རེད་ཅེས་པའི་བསྔགས་བརྗོད་ཐོབ།
2023ལོར《མེ་ཐབ་འགྲམ་གྱི་ལྷུག་བརྗོད》ལ་པིང་ཤིན་ལྷུག་རྩོམ་སྐབས་བཅུ་པའི་བྱ་དགའ་ཐོབ་པ་དང་རྒྱལ་ཡོངས་ལྷུག་རྩོམ་ཁྱབ་ཁོངས་ནས་དབང་གྲགས་ལྡན་པའི་ཁས་ལེན་ཐོབ་པ་རེད། ལོ་དེར་ཡང་དུ་མེ་ཏོག་མཉམ་བཞད་ཀྱི་རྩོམ་རིག་བྱ་དགའ་སྐབས་ཉི་ཤུ་པའི་ལྷུག་རྩོམ་བྱ་དགའ་ཐོབ་པ་དང་། སི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོ་ལྔ་ལ་སྐབས་དེའི་དཔྱད་འདེམས་ཁྲོད་བྱ་དགའ་ཐོབ་པ་རེད། གཞན་ཡང《མེ་ཐབ་འགྲམ་གྱི་ལྷུག་བརྗོད》ལ་ད་དུང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གཙོ་གནད་རོགས་སྐྱོར་ལས་གཞིའི་རྒྱབ་སྐྱོར་ཐོབ་པ་དང་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ། རྩོམ་པ་པོ་སོགས་ཆེད་མཁས་པས་གཞི་རིམ་ཡུལ་དངོས་སུ་རྩོམ་འབྲི་དང་ཁྲིད་སྟོན། ལས་རིགས་གསོ་སྐྱོང་བཅས་བྱེད་སྒོ་སྤེལ་བའི་ཁྲོད་དུ་བདམས་ཐོན་བྱུང་བའི་བརྩམས་ཆོས་ཕུལ་བྱུང་ཡིན་པ་དང2022ལོ་འཁོར་གྱི་སི་ཁྲོན་རྩོམ་རིག་བརྩམས་ཆོས་ཀྱི་ཤུགས་རྐྱེན་ཆེ་བའི་མིང་གྲལ་ནང་ཚུད་པར་མ་ཟད། ཀྲུང་དབྱང་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱི་རིག་རྩལ་སྐོར་གྱི“དཔེ་ཀློག་མྱོང་རོལ”ལེ་ཚན་དུ་ཆེད་དོན་བསྒྲགས་ཡོད།
《མེ་ཐབ་འགྲམ་གྱི་ལྷུག་བརྗོད》དེ་ཧྲཱན་ཞི་དགེ་འོས་སློབ་ཆེན་དཔེ་སྐྲུན་སྤྱི་ཁྱབ་ཁང་གིས་པར་དུ་བསྐྲུན་པ་དང་ཀློག་པ་པོས་མཛའ་བརྩེའི་ངང་ཁྲོན་ནུབ་མཐོ་སྒང་གི་ཁྱིམ་ཡིག་ཡག་ཤོས་ཞེས་བརྗོད་ཀྱིན་ཡོད། དེབ་དེར་མཐོ་སྒང་གི་ཡུལ་ལྗོངས་དང་མིའི་རིག་གནས་སེམས་ཁུར་གཞི་གཅིག་ཏུ་བསྲེས་ནས་སྤེའུ་རོང་གྲོང་སྡེའི་རྣམ་པ་འབྲི་བའི་ཚེ་རྡོའི་ཀ་བ་དང་གྱོ་དམར་ལས་བསྐྲུན་པའི་ཁང་པ་ལག་མཐིལ་བཞིན་བརྟན་པའི་གྲོང་སྡེར་གནས་ཡོད་པ་ནས་རིག་གནས་ཟུར་ཚད་དམིགས་བསལ་བ་མངོན་ཡོད།
ཐོག་མའི་གསར་རྩོམ་ཁྲོད2019ལོར་རྣམ་རྒྱལ་ཚེ་རིང་གིས《མེ་ཐབ་འགྲམ་གྱི་མཚན་མོ》ཞེས་པར་རྒྱ་སྐད་གཞོན་ནུའི་ལྷུག་རྩོམ་བྱ་དགའི་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་དང་། 2018ལོར་ཁོང་གིས《མི་དམངས་ཉིན་རེའི་ཚགས་པར》དུ《དར་མདོ་ཕྱོགས་སུ་སྐྱོད་པའི་དྲིལ་སྒྲ》སོགས་བརྩམས་ཆོས་བཀོད་ནས་མཐའ་མཚམས་ཀྱི་གནས་ཚུལ་བརྗོད་པའི་རྩོམ་འབྲི་སྟངས་རྒྱུན་མཐུད་དེ་རྒྱ་བསྐྱེད་ཡོད།
2021ལོར་ལྷུག་རྩོམ་ཕྱོགས་བསྒྲིགས《མིག་ལམ་དུ་མི་མངོན་པའི་འབྲོག་ར》དེ《ཞི་ཨན་དགོང་དྲོའི་ཚགས་པར》གྱི་ཆེད་བསྒྲིགས་ལེ་ཚན་དུ་བསྟུད་མར་བཀོད་པ་དང་། 《མེ་ཐབ་འགྲམ་གྱི་ལྷུག་བརྗོད》དེ《ལྷུག་རྩོམ》དུས་དེབ་ཀྱི་ཆེད་བསྒྲིགས་ལེ་ཚན་ནང་བསྟུད་མར་བཀོད་ཡོད། 2023ལོར་འབྲོག་ཁུལ་བརྗོད་གཞིར་བྱས་པའི་བརྩམས་སྒྲུང《འབྲོག་སྡེའི་ཞོགས་དབྱངས》 《འཚེམ་དྲུབ་སྣམ་བུ》 《ཤིང་ལོ་བསྡུ་བ》 《ལུག་རྫི་བུ་མོ》 བཅས《འོད་གསལ་ཉིན་རེའི་ཚགས་པར》གྱི་བརྩམས་ཆོས་པར་གཞིའི་འགོ་མར་བཀོད་ཡོད། 2025ལོར་ལྷུག་རྩོམ《བེའུ་རུ་སྤོ》 《རི་ལུང་གི་ལག་རྟགས》 《ཁྱིམ་གཞིས་གཉིས》བཅས《རིག་རྩལ་ཚགས་པར》གྱི་འགོ་མར་བཀོད་ཡོད།
( ཚེ་རིང་ལྷ་འཛོམས་ཀྱིས་བྲིས་ཤིང་པར་བླངས།)
《འབྲོག་གླུ་གསུམ》གྱིས་མཐོ་སྒང་གི་བྱིས་པའི་
རྩོམ་རིག་ལ་ལེགས་སྐྱེས་ཕུལ།
