国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གྱི་སྣོད་བཅུད་ངོ་མཚར་ཆེ་བའི་སྒོ་མོ་འབྱེད་པའི་ལྡེ་མིག།

《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ཀྱི་དེབ་འདི་ནི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁྲི14.97ལ་ཟིན་པའི་དཀར་མཛེས་ཁུལ་གྱི་རི་ཆུ་བརྗོད་པའི་དེབ་རྩ་ཆེན་ཞིག་ཡིན། དེབ་འདི་ལྟ་མཁན་ཚོའི་མིག་ལམ་དུ་ཤར་བ་ནས་བཟུང་དཀར་མཛེས་ཁུལ་ལ་རི་ཆུའི་ལོ་རྒྱུས་དང་རིག་གནས་ཞིབ་ཅིང་ཚགས་དམ་པའི་དེབ་ཅིག་མེད་པའི་སྟོང་ཆ་ཡོངས་སུ་བསྐངས་ཡོད། དེབ་འདི་ནི་དཀར་མཛེས་ཁུལ་གྱི་རི་ཆུའི་བརྗིད་ཉམས་དང་། མཚོ་དང་མཚེའུ་ཡི་མཛེས་སྡུག། མི་རིགས་ཁག་བར་གྱི་འབྲེལ་འདྲིས་འགྲོ་འོང་། རི་ཆུའི་ཐུན་མོང་མ་ཡིན་པའི་རིག་གནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་སོགས་གཙོ་དོན་དུ་བྱེད་པའི་དེབ་རྩ་ཆེན་ཞིག་ཡིན།

རིགས་གཞུང་གིས་སྣེ་སྟོན་མཛད།།

རི་ཆུ་ཁྲོད་ལག་ལེན་བསྟར།།

《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ཀྱི་དེབ་འདི་བདེ་བླག་ངང་ཀློག་པ་པོའི་མིག་ལམ་དུ་བསྟར་ཐུབ་པ་ནི་རིགས་གཞུང་བརྒྱུད་འཛིན་དང་ས་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་བྱུང་བ་རེད།

2012ལོར། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་རི་ཆུའི་རིག་གནས་དེ་གཙོ་གནད་ཞིབ་འཇུག་བྱ་ཡུལ་ལ་གཏན་ལ་ཕབ་ཡོད། འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་བའི་ས་ཁོངས་སུ་ཆགས་པ་དང་། མདོ་དབུས་མཐོ་སྒང་གི“སྲུང་ཡོལ་ཆེན་པོ་གསུམ”ལས་ནུས་པ་བླ་ལྷག་ཏུ་ཐོན་པའི་དཀར་མཛེས་ཁུལ་གྱི་རི་ཆུ་ནི་ཐེངས་དེའི་ཞིབ་འཇུག་བྱ་ཡུལ་གཙོ་བོར་གྱུར་པ་ནི་བཤད་མ་དགོས་པ་རེད།

ལོ་རྒྱུས་ཉར་ཚགས་དང་སྲིད་ཕན་སྲིད་རོགས། མི་གསོ་སྐྱོང་བཅས་ཀྱི་འགན་འཁྲི་ཕྲག་ཏུ་བཟུང་ནས་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་ཁྲིད་འོག་རི་ཆུའི་ལོ་རྒྱུས་རྩོམ་སྒྲིག་བྱེད་འགོ་བཙུགས་པ་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཧོང་ཞིང་ཅན་དང་། ཐེན་མའོ་ཝང་། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གི་ཁྲེན་ཏུང་བཅས་ཀྱིས་ལས་སྒྲུབ་ཚོགས་པ་ཁྲིད་དེ་རྫོང(གྲོང་ཁྱེར)18ལ་བསྐྱོད་དེ་རིམ་རྩིས་བྱས་ན་ལམ་ཐག་སྤྱི་ལེ་གྲུ་བཞི་མ་ཁྲི10ལྷག་རྐང་གཉིས་ཀྱིས་འཇལ་བ་དང་། ཐོག་མའི་དཔྱད་གཞི་ཡིག་འབྲུ་ཁྲི300ལྷག་བསྡུས་ཤིང་། བརྙན་དང་པར་ཁྲི2ལྷག་བླངས་ཡོད།

དུས་ཚོད་ཐུང་ལ་ལས་འགན་ལྕི་བའི་གནས་ཚུལ་འོག། ལས་སྒྲུབ་ཚོགས་པས་ཤུགས་ཆེན་པོས་གནའ་གཞུང་དང་ལོ་རྒྱུས་ཀྱི་དཔྱད་གཞི་ཡིག་རིགས་སྔོག་འདོན་བྱས་པར་མ་ཟད། དྲྭ་ཐོག་ནས་སྤུས་ལེགས་ཆ་འཕྲིན་བསྡུ་ལེན་བྱས་ཏེ་རིགས་གཞུང་རང་བཞིན་དང་། དབང་གྲགས་རང་བཞིན། གོ་བདེའི་རང་བཞིན་བཅས་ལ་བརྩི་སྲུང་ཞུས་པ་དང་སྦྲགས་ནང་དོན་ཐད་སྤྱི་ནས་བྱེ་བྲག་དང་། བྱེ་བྲག་ནས་སྤྱིའི་ལུགས་ལྟར་བཀོད་སྒྲིག་བྱས་ཡོད། ཐོག་མར་སྤྱིའི་ནང་དོན་ཐད་རང་བྱུང་ས་ཁམས་དང་། ལོ་རྒྱུས་རིག་གནས། མིའི་རིག་གནས་སྙིང་སྟོབས་བཅས་ཕྱོགས་གསུམ་གྱི་ཐད་ནས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོའི་རི་ཆུ་ཕྱོགས་བསྡོམས་བྱས་པ་དང་། བར་གྱི་བྱེ་བྲག་ནང་དོན་ཐད《རིའི་ལོ་རྒྱུས》དང《ཆུའི་ལོ་རྒྱུས》《མཚེའུ་དང་འཁྱགས་ཀླུང་གི་ལོ་རྒྱུས》《ཁྲོན་བོད་བགྲོད་ལམ་གྱི་ལོ་རྒྱུས(དཀར་མཛེས་ཁུལ་གྱི་དུམ་མཚམས)》བཅས་ཞིབ་ཕྲས་བརྗོད་ཡོད་པ་དང་། མཇུག་གི་ནང་དོན་ཐད་ཁྲོན་བོད་བགྲོད་ལམ་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་མཛེས་སྡུག་ལྡན་པའི་རི་ཆུ་དང་ཕུན་སུམ་ཚོགས་པའི་རིག་གནས་བརྗོད་ཡོད།

རི་ཆུའི་ཐོན་ཁུངས་ཁྱད་དུ་འཕགས་པ་བསྲུངས།།

གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས།།

དཀར་མཛེས་ཁུལ་ལ་མཚོན་ན་རི་ཀླུང་མང་བ་དང་། མཉམ་འདྲེས་ཆེ་བ། མཛེས་ལྗོངས་མང་བ་བཅས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན། རི་བོ་གངས་དཀར་ལ་མཚོ་ཕགས་སྨི7508.9ལྡན་པས་འཕྲེད་རྒྱུག་རི་རྒྱུད་ཁྲོད་རིའི་རྒྱལ་པོའི་གོ་གནས་བཟུང་ཡོད། འབྲི་ཆུ་དང་ཉག་ཆུ། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཅས་ཕན་ཚུན་མཉམ་དུ་འདྲེས་ནས་སྟོང་སྨི1700ལྷག་ལྡན་པའི་ཆུའི་དྲྭ་རྒྱ་ཆེན་པོ་ལྟ་བུ་ཞིག་ཆགས་ཡོད། རང་བྱུང་ལྷུན་གྱིས་གྲུབ་པའི་འཁྱགས་ཀླུང780དང་། དྭངས་ཤིང་གཙང་པའི་མཐོ་སྒང་གི་མཚེའུ19ནི་སྐར་ཚོགས་ཐང་ལ་བརྡལ་པ་དང་མཚུངས། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ལས་རང་བྱུང་ཐོན་ཁུངས་དེ་དག་ལ་བརྟེན་ནས“རི་ཆུའི་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་མིག་མཐོང་ལག་ཟིན་གྱི་སྒོ་ནས་ལག་ལེན་བསྟར་བཞིན་ཡོད་པ་དངོས་སུ་མཚོན་ཐུབ།

རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་ཁྲོད། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ནི་སྐད་ཆ་བཤད་ཤེས་པའི་འགྲེལ་བཤད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། མ་ལག་ཅན་གྱིས་སྒོ་ནས་འབྲི་ཆུ་དང་ཉག་ཆུའི་འབབ་རྒྱུད་ཀྱི་མཉམ་གནས་འབྲེལ་བ་ཐོ་འགོད་བྱས་ཏེ། “རི་བོ་དང་མཚེའུ”ཡི་སྐྱེ་ཁམས་གནས་ལུགས་ལ་དཀར་མཛེས་ཁུལ་གྱི་མིག་དཔེ་བསྟན་ཡོད། རྨ་ཆུའི་ཆུ་ལག་རེ་ཆུའི(དཀར་མཛེས་ཁུལ་དུམ་མཚམས)འབབ་རྒྱུད་ལ་ཆེད་དོན་བརྟག་དཔྱད་བྱས་ཏེ་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་གི་རིག་གནས་ཀྱི་རི་མོ་ཁ་སྐོང་བྱས་ཡོད། ཁྲོན་བོད་བགྲོད་ལམ་ལམ་རྒྱུད་ཀྱི་རི་ཆུའི་གསར་བརྗེ་ལོ་རྒྱུས་གསེད་བཀྲོལ་ཞིབ་ཚགས་བྱས་ནས་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་དུམ་མཚམས་ཀྱི་དོན་སྙིང་སྔོག་འདོན་བྱས་ཡོད། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ཀྱི་གླེང་གཞི་ལས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དེ་སྔོན་སློབ་གཙོ་ཀྲའོ་ཞིང་ཡུས་ཀྱིས་སྲོལ་རྒྱུན་རི་ཆུའི་ལོ་རྒྱུས་ཀྱི་ས་ཁམས་བཀག་རྒྱ་ལས་གྲོལ་བ་དང་། མི་རིགས་རྐྱང་པའི་མཐོང་རྒྱ་ལས་བརྒལ་བ། ས་གནས་རང་བཞིན་གྱི་ཐོ་འགོད་ལས་བརྒལ་བ་བྱུང་སྟེ། རི་དང་ཆུ། ནགས། ཞིང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སུ་གྲུབ་ཡོད་པ་ཚོར་རྒྱུ་རྟོགས་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་དང་དངོས་ཡོད་ཀྱི་དོན་དངོས་ཞིག་ཏུ་གྱུར་ཡོད་ཅེས་དེབ་དེར་གདེང་འཇོག་ཆེན་པོ་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོང་གི་ཐད། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ལས“དབྱར་དུས་འབྲོག་ས་སྤོ་བ”དང“གནས་རིའི་ཤིང་སྡོང་གཅོད་མི་ཆོག་པ”སོགས་སྲོལ་རྒྱུན་གྱི་གོམས་སྲོལ་སྔོག་འདོན་བྱས་ནས་དེང་རབས་སྐྱེ་ཁམས་སྲུང་སྐྱོང་གི་ཐུན་མོང་འདུ་ཤེས་སུ་བསྒྱུར་ཡོད། རི་བོ་གངས་དཀར་དང་གནས་རི་དམུ་རྡོའི“གཞི་བདག་ལྷ་མཆོད”ཁྲོད་ཀྱི“རི་བསང”དང“ཁྲུས་བསང”ཆོ་གའི་ལེགས་ཆ་བསྡུ་ལེན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་རང་མོས་ངང་འཁྱགས་ཀླུང་དང་མཚེའུ་སྲུང་སྐྱོང་བྱེད་པའི་རིག་གནས་སྒུལ་ཤུགས་སུ་བསྒྱུར་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐད། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ལས་གནའ་བོའི་ཇ་འདྲེན་བདལ་ལམ་ལམ་རྒྱུད་ཀྱི་མཚོ་ལ་དང་རྒྱུ་ལའི་འགྲོ་འོང་གི་གཏམ་རྒྱུད་གསེད་བཀྲོལ་བྱས་པ་དང་། རྒྱ་བོད་ཚོང་པ་བར་ཕན་ཚུན་མཉམ་འབྲེལ་འགྲོ་འོང་། བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་འཐབ་འཛིང་པ་དང་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ཁྲོན་བོད་བགྲོད་ལམ་སྐྲུན་པའི་ལོ་རྒྱུས་དྲན་གསོ་བྱས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ”ཀྱི་དོན་སྙིང་རི་ཆུ་ཁྲོད་ནས་གསལ་པོ་མངོན་པར་བྱས་ཡོད།

བསྟན་བཅོས་ཀྱིས་གསོན་ཤུགས་བསྩལ།།

ལག་བསྟར་གྱིས་འཕེལ་རྒྱས་བཏང་།།

ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔོན་སྤྱི་ཁྱབ་ལས་སྒྲུབ་པ་གཞོན་པ་དགེ་ལེགས་ཀྱིས་རིག་གནས་ཀྱི་སྟོབས་ཤུགས་ནི་བརྒྱུད་འཛིན་དང་དར་སྤེལ་ལ་རག་ལས་ཡོད་པས། མུ་མཐུད་དེ་ཞིབ་འཇུག་བྱས་པར་བརྒྱུད་ནས་རི་ཆུའི་ཤུལ་བཞག་དེ“བག་ལ་ཉལ་བའི”རྣམ་པ་ལས་བསྒྲལ་ནས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་དཔལ་ཡོན་རྒྱས་སའི་ས་ཞིང་སྣུམ་པོར་བསྒྱུར་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ལེགས་པོར་བསྐྱོད་ཐུབ་པར་གདེང་ཚོད་དང་སྒུལ་ཤུགས་བསྣན་དགོས་ཞེས་བཤད། སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲི་ཧྲུའོ་ཡིས་དཀར་མཛེས་ཁུལ་གྱི་རི་ཆུ་མིའི་རིག་གནས་སྣ་མང་ཅན་ནི་ཡུལ་སྐོར་གྱི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་ཡིན་པས། དེབ་དེའི་ནང་དོན་ལ་གཞིགས་ནས་ཡི་གེ་དང་པར་རིས་མཉམ་འདྲེས་ཅན་གྱི་ལྟ་སླ་བའི་ཡུལ་སྐོར་དཔེ་དེབ་བསྒྲིགས་ཏེ་རི་ཆུ་ལ་ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་སྦྱར་ཏེ། རིག་གནས་ཡུལ་སྐོར་གྱི་བཀོད་སྒྲིག་ལེགས་སུ་གཏང་བ་དང་། G318ལམ་ཐིག་གི་འགྲུལ་པའི་འདུས་ཚད་ཆ་སྙོམས་བཏང་ཐུབ། ཡུལ་སྐོར་གྱི་སྤུས་འཕེལ་རིམ་སྤར་བྱུང་བར་སྐུལ་འདེད་གཏང་ཐུབ།

རི་ཆུའི་རིག་གནས་ཐོན་ཁུངས་དེ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་ཇི་ལྟར་བསྒྱུར་དགོས་ཚུལ་ཐད། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་གིས་ཕྱིན་ཆད་རང་ཁུལ་གྱིས་དྲྭ་ཐོག་དང་དྲྭ་ཕྱི་སོགས་ཐབས་ལམ་མང་པོ་བརྒྱུད་དེ་དེབ་དེ་ཁྱབ་གདལ་གཏང་རྒྱུ་དང་། དུས་མཉམ་དུ་དེབ་དེའི་ནང་དོན་དཀར་མཛེས་ཁུལ་གྱི་གཞུང་གི་ལས་སྟེགས་དང་། དེབ་ཆུང་དམར་པོ་སོགས་ལས་སྟེགས་ཐོག་བཞག་ནས་རི་ཆུའི་རྒྱབ་ཀྱི་རིག་གནས་དང་། དམངས་སྲོལ། འཛུགས་སྐྲུན། རྒྱན་གོས། སྒྱུ་རྩལ་སོགས་ཀྱི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་ཏེ་ཡུལ་སྐོར་བས་མཛུབ་མོ་འགུལ་པ་ཙམ་གྱིས་ཡོངས་སུ་རྒྱུས་ལོན་བྱུང་ཐུབ་ཅེས་ཁོའི་བསམ་ཚུལ་དེ་ལྟར་བརྗོད་པ་རེད།

ང་ཚོའི་རེ་བ་ནི་རི་ཆུའི་ལོ་རྒྱུས་ཀྱི་དེབ་འདི་དཔེ་མཛོད་ཁང་གི་དཔེ་ཁྲི་ཐོག་བཤམ་འཇོག་བྱེད་པ་ཙམ་མིན་པ། ཡུལ་སྐོར་བའི་རྒྱབ་ཁུག་ནང་མཐོང་རྒྱུ་ཡོད་པ་དང་། མཁས་དབང་ཚོའི་ཅོག་ཙེའི་ཐོག་ཡོད་པ། འབྲོག་པ་ཚོའི་སྦྲ་གུར་ནང་རིག་རྒྱུ་ཡོད་པ་དེ་ཡིན་ཞེས་རྩོམ་སྒྲིག་ཚོགས་པས《མཇུག་བྱང》ནང་གི་རེ་བ་དེ་རིམ་བཞིན་དོན་དངོས་སུ་གྱུར་དང་འགྱུར་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོང་ནས་མི་རིགས་མཐུན་སྒྲིལ། རིག་གནས་ཡུལ་སྐོར་མཉམ་འདྲེས་ནས་ཡུལ་སྡེ་དར་རྒྱས་བཅས་གང་ཐད་ནས《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ལས་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་གཏང་རྒྱུར་ཤུགས་འདོན་བཞིན་ཡོད། མི་རྣམས་ཀྱིས་དཀར་མཛེས་ཁུལ་གྱི་རི་ཆུར་རྒྱུས་ལོན་བྱུང་བ་དང་དུས་མཉམ་དུ་ས་གནས་དེ་གའི་མི་དམངས་ཚོའི་ལྷད་མེད་ཀྱི་ལྷག་བསམ་དང་ཞུམ་མེད་ཀྱི་སྙིང་སྟོབས་ཀྱང་ཚོར་ཐུབ། 《དཀར་མཛེས་ཁུལ་གྱི་རི་ཆུའི་ལོ་རྒྱུས》ཀྱི་དེབ་འདི་ནི་ངོ་མཚར་ཡིད་དབང་འཕྲོག་པའི་དཀར་མཛེས་ཁུལ་གྱི་སྣོད་བཅུད་ངོ་མཚར་ཆེ་བའི་སྒོ་མོ་འབྱེད་པར་མེད་དུ་མི་རུང་བའི་ལྡེ་མིག་ལྟ་བུ་ཞིག་ཏུ་གྱུར་ཡོད། གནས་མཆོག་དཀར་མཛེས་ཁུལ་མཐོང་ཐོས་མྱོང་གསུམ་འདོད་མཁན་ཚོས་དཀར་མཛེས་ཁུལ་གྱི་རི་ཆུ་ནས་འགོ་བརྩམ་ན་ཆོག་གོ།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)