ད་ལྟ་ང་རང་ཁྲི་ཚང་རྫོང་ཆུ་མཆིག་གྲོང་རྡལ་ན་ཡོད། ཆུ་མཆིག་གྲོང་རྡལ་ནི་ཁྲི་ཚང་རྫོང་གི་ཁུངས་གཏོགས་སུ་བཤད་ནའང་ས་ཁུལ་གྱི་དབང་གིས་ཆུ་མདོ་དང་ཐག་ཤིན་ཏུ་ཉེ་བར་འདུག། འདི་རུ་སྡོད་པའི་མི་ཕལ་མོ་ཆེས་ཀྱང་ཁ་བརྡའི་ནང་དུ་ཆུ་མདོ་རུ་ཡོད་ཅེས་ལབ་པ་མང་། དེ་ལྟར་ནའང་སྐྱོན་ཆེན་པོ་མེད་པ་འདྲ། ཆུ་མཆིག་ནས་ཁྲི་ཚང་ལ་སྤྱི་ལེ་བདུན་ཅུ་ལྷག་ཡོད་ཀྱང་། ཆུ་མཆིག་ནས་ཆུ་མདོ་རུ་སྤྱི་ལེ་ཉི་ཤུ་ལྷག་མ་གཏོགས་ཡོད་ཀྱིན་མི་འདུག དེའི་ཕྱིར་ཆུ་མདོ་ས་ཁུལ་གྱི་ཁྱད་ཆོས་ཚང་མ་ཆུ་མཆིག་གྲོང་ལའང་ཡོད་པ་འདྲ། དཔེར་ན་ནམ་ཟླའི་དྲོ་འཁྱག་དང་ཆར་ཆུ་འབབ་ཚད་སོགས་ལྟ་བུ།
ཆུ་མདོ་ཞེས་བཤད་ན། རྒྱུན་ཤེས་ཅུང་ཙམ་རྒྱུད་ན་ཡོད་མཁན་ཞིག་ཡིན་ཚེ་ཆར་པ་འབབ་རྒྱུ་ཤིན་ཏུ་མང་བའི་ས་ཁུལ་ཞིག་ཡིན་པ་ཕལ་ཆེར་རྟོགས་ཀྱིན་ཡོད། ཉིན་ཞིག་ལ་གྲོགས་པོ་ཞིག་གིས་སྐད་འཕྲིན་ནས་ཆུ་མདོ་ལ་ཆར་ཆུ་མང་བ་ནི་སའི་ཆགས་དབྱིབས་ཀྱིས་མཚོ་བོད་མཐོ་སྒང་དང་སི་ཁྲོན་གཤོང་ས་གཉིས་ཀྱི་འདྲེས་མཚམས་སུ་ཆགས་ཡོད་པས་རེད་སོགས་ས་ཁམས་ཀྱི་ཤེས་བྱ་ཁྱེར་ནས་ཤོད་ཀྱིན་འདུག། དེ་ཡང་བདེན་པར་གྲུབ་ཀྱང་ཆོག་སྙམ། དེ་བཞིན་ཆུ་མཆིག་ལའང་ཆར་ཆུ་འབབ་ཚད་ཤིན་ཏུ་མཐོ། དེའི་དབང་གིས་ཡིན་ནམ། ཆུ་མཆིག་ལ་སོས་འབུད་པ་ཤིན་ཏུ་སྔ་འམ་སྙམ། ཤིན་ཏུ་སྔ་མོ་ནས་ཤིང་ལོ་དང་ལོ་ཏོག་འབུས་པ། རྩྭ་སྔོན་ཐོན་པ་སོགས་བྱེད། ད་ཚོད་བལྟས་ན་གང་ས་གང་དུ་ལྗང་ལྟེམ་ལྟེམ་དང་སྔོ་སེང་སེང་བྱེད། དེས་བཟི་སྣང་གིས་ངའི་སེམས་སུ་དཔྱིད་ཀ་ཡོངས་སུ་སླེབས་འདུག་སྙམ་པའི་ཚོར་བས་བཀང་འདུག།
ཁ་རྩང་། འཕྲིན་ལམ་ནས་ཨ་མ་དང་ཁ་བརྡ་བྱེད་དུས། ངས་ད་བར་ཕ་ཡུལ་ལ་སོས་བུད་པ་ཅི་འདྲ་འདུག་ཅེས་དྲིས་པར། ཨ་མས་ད་དུང་སྔོ་ཅུང་ཙམ་ཡང་ཐོན་གྱིན་མི་འདུག། ད་ལོ་སོས་ལོག་བྱས་པ་ཡིན་ནམ། སོས་འབུད་པ་ཅི་འདྲའི་འཕྱི་བར་འདུག་སོགས་ལབ་བྱུང་བས། ངས་ད་གཟོད་ཕ་ཡུལ་གྱི་ཕུ་ནུ་དག་གིས་དཔྱིད་ཀ་ལ་ཅི་འདྲའི་རེ་སྒུག་བྱེད་ཀྱིན་ཡོད་དམ་སྙམ་བྱུང་།
དཔྱིད་ཀ་སླེབས་ཐེངས་རེ་རེར་སེམས་སུ་རེ་བ་དང་ང་རྒྱལ་ལྟ་བུ་ཞིག་ཀྱང་སླེབ་ཀྱིན་ཡོད། ཡོད་ཚད་གསོན་ཤུགས་རྒྱས་ཏེ། སྔར་ཅི་ཞིག་གིས་ཉམས་དམས་བཏང་སོང་བ་དང་འདྲ་བའི་སྡོང་པོ་སྐྱ་ཧྲེང་ངེ་བ་དག་ལ་སྔོ་ལྗང་ལྗང་གི་ལོ་མ་འབུས་ཡོང་དུས། སེམས་སུ་རྒད་པོ་སྤྱི་ཐེར་བ་དེ་དག་ལའང་སྐྲ་ཉག་འགའ་རེ་སྐྱེས་ཡོང་བའི་སྣང་བ་ཞིག་ཀྱང་སློང་བར་བྱེད། དཔྱིད་ཀའི་ཆུ་བོ་ལ་བོགས་ཐོན། རི་བོ་ལ་མདངས་རྒྱས། རྩྭ་ཐང་ལ་གཟི་འོད་འཕྲོ་དུས། ད་ནི་འདས་སོང་གི་དགུན་གཞུང་རིང་མོ་དེ་ལོ་རྒྱུས་སུ་གྱུར་ཟིན་པས། དགུན་གཞུང་དེས་ཙག་སད་ཀྱིས་བཅོམ་པའི་ཉག་ཕྲའི་མེ་ཏོག་དང་རྩི་ཤིང་ལའང་སླར་ཡང་སྐྱེ་སྟོབས་རྒྱས་ཐུབ་ན། ང་ཚོ་འགྲོ་བ་མི་ལ་ཅིའི་ཕྱིར་མི་ཐུབ། ལོ་རྒྱུས་ཀྱི་སྐྱུར་དྲི་བྲོ་བའི་དགུན་གཞུང་རིང་མོ་དེ་བརྗེད་པར་བྱས་ནས་གཟི་བྱིན་འབར་བའི་དཔྱིད་ཀ་ལ་འཛུམ་གྱིས་བསུས་ན་ཅིས་མི་དགའ།
དྲང་མོ་བཤད་ན། ད་ལོའི་དགུན་གཞུང་རིང་མོ་འདིས་ཕ་ཡུལ་གྱི་མི་དམངས་ལ་བརྙས་པ་ཉུང་ཉུང་མིན་ནའང་། དེ་ཙམ་གྱིས་དཔའ་ཞུམ་པར་མི་རིགས། ང་ཚོ་ནི་འབྲོང་སྙིང་ཟ་ཞིང་སྟག་མགོ་མཉེ་བའི་མེས་པོ་ཞིག་གི་རྗེས་འཛིན་པ་ཡིན་པས། ང་ཚོའི་རུས་པའི་ནང་ན་སྲ་མཁྲེགས་གཞན་ཞིག་ཡོད། སྲ་མཁྲེགས་དེ་དཔྱིད་ཀའི་སྤང་རྒོད་དུ་རྒོད་སྐྱེ་བཞིན་ཡར་ལ་སྐྱེ་དགོས། ཕ་ཡུལ་གྱི་ཕུ་ནུ་དག། ནམ་ཡང་གཟི་བརྗིད་དང་བཅས་རང་ཉིད་ཀྱི་ང་རྒྱལ་ནང་ནས་རང་ཉིད་ཡར་ཡར་རྒྱས་འགྲོ་དགོས། བློ་ཕམ་དང་བག་ཞའི་མགོ་བོ་མར་མནན་ནས་སྤོབས་པ་དང་བཅས་དཔྱིད་ཀའི་ཉི་འོད་ནང་དུ་བརྒྱུག་རོགས།
༼ གཡེར་མ། ༽
