国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་རླུང་།

རབ་གསལ་ནང་ནས་འཕྱོ་བའི།།

ཐོ་རངས་སྙན་ངག་སྤར་གང་།།

རང་ཁྱིམ་ནང་ལ་འདེབས་འོངས།།

དཔྱིད་རླུང་བྱོན་ལུགས་ལེགས་སོ།།

མ་འགྱང་སང་གི་མགྲོན་པོ།།

རླུང་གི་སྣེ་མོར་བྱོན་ཏེ།།

ང་ཡི་ཁྱིམ་དུ་བཞུགས་འགྲོ།།

འདི་ཡང་དཔྱིད་རླུང་འདྲ་བྱུང་།།

བྲིས་པའི་ཚིག་ལ་རྒྱུས་ཆེ།།

བལྟས་པའི་མིག་ལ་ཆ་ཡོད།།

མྱོང་བའི་ལུས་ལ་བདེ་མོ།།

སྙན་ངག་འདྲ་བའི་དཔྱིད་རླུང་།།

དུས་ཀྱི་དབང་གིས་མ་མཇལ།།

ད་རེས་འཁྱུག་ཙམ་འཁྱུག་ཙམ།།

ང་དང་གདོང་གཏུག་བརྒྱབ་བཞག།

འདི་ཡང་དཔྱིད་རླུང་ཁྱོད་རེད།།

བསམས་ཤིང་བསམ་པའི་གླུ་ཆུང་།།

ངག་གི་སྣོད་དུ་མ་ཤོང་།།

སེམས་ཀྱི་ཚོར་བ་སྲབ་མོ།།

དཔྱིད་རླུང་ཁྱོད་ཀྱིས་བསྒུལ་སོང་།།

སྙན་ངག་ཟེར་ན་འདི་རེད།།

དགའ་སྐྱོ་ཟེར་ན་དེ་ལགས།།

ཚོར་བ་འགྱུ་བའི་ཐབས་གྲོགས།།

དཔྱིད་རླུང་འདི་ཀ་ཡིན་སོང་།།

༼ ཆོས་འབྱོར་རྒྱ་མཚོ། ༽