དཔྱིད་ཀྱི་གནམ་གཤིས་དྲོ་གྲང་ངོས་མི་མཉམ། །
སྐབས་རེར་འཁྱག་འདར་ཞིག་ཀྱང་ངང་གིས་རྒྱག །
ཆར་ཕྲན་ཟམ་ཟིམ་ས་ལ་བབས་པའི་རྗེས། །
ཁོ་ར་ཁོར་ཡུག་མཐའ་དག་ཚར་དུ་དངར། །
མཚམས་སྤྲིན་ལྡ་ལྡི་དགུང་སྔོན་དབྱིངས་སུ་འཕུར། །
འདབ་ཆགས་དག་ལ་སྐྱེངས་པ་ངང་གིས་སྟེར། །
ཆགས་ཞེན་འཁྲི་ཤིང་ལོ་མ་རྒྱས་པའི་ཚོགས། །
ས་འཛིན་པང་ནས་སྲེད་པའི་ཆང་གིས་མྱོས། །
དུས་ཚིགས་འདི་ནི་ཅི་འདྲའི་མོག་པ་ལ། །
ལུས་སེམས་རྨུགས་པའི་སྨག་གིས་སྒྲིབ་པར་གྱུར། །
འབྲུག་སྒྲ་དང་བཅས་སྤྲིན་གྱི་མེ་ཏོག་གིས། །
མྱུར་བར་བྱབས་ཁྲུས་ལན་གཅིག་བྱུང་ན་སྙམ། །
རྟོག་ཚོགས་མེ་ལྕེ་འབར་བའི་འཇིག་རྟེན་དུ། །
ཞི་གནས་ལྷུང་ལྷུང་གཙང་པོ་བཞུར་ལགས་ན། །
རྡུལ་མུན་ལྟ་བུའི་སེམས་ཁྲལ་ཁྱོར་བ་གང་། །
བདུད་རྩིའི་རང་བཞིན་རློམ་པར་ཅི་ཞིག་དཀའ། །
བདག་ནི་བསྐྱར་ཟློས་གཤིས་ལ་སུན་དྲགས་པས། །
ཡུན་ཞིང་མི་སྨྲའི་བརྟུལ་ཞུགས་ལ་གནས་ཀྱང་། །
ཤུགས་དྲག་ཚོར་བའི་བ་སྤུ་གཟེངས་ཙ་ན། །
བརྣགས་པའི་དོན་རྣམས་བཏང་སྙོམས་ཇི་ལྟར་བྱ། །
༼ ལྡེའུ་ནག། ༽
