ཨ་མ།
ཐག་རིང་དང་རྒྱང་རིང་གླེངས་ནས་
ཁྱོད་རང་ཤུལ་དུ་བསྐྱུར།
ང་ལ་ཅི་ཡང་མེད། ངས་ཅི་ཡང་
མ་རྙེད་དུས་ཁྱོད་རང་ལྷག་ཏུ་དྲན།
ཨ་མ།
མི་ཚོགས་ཀྱི་ངོ་གདོང་སྐྱ་ཐལ་ལེར་འདུག།
ཁྱོད་ཀྱི་དགའ་དགོད་ནི་མི་ཚེ་འདིའི་
དྲན་ཤིང་ཉག་གཅིག་ཡིན།
ཨ་མ།
འཁོར་བར་སྙིང་པོ་ཅི་ཡང་མི་འདུག།
ད་དུང་ཁྱོད་ལ་མ་བཅོས་བརྩེ་དུང་གི་
འཛུམ་མདངས་གྲོལ་དོན་ཅི་ཞིག་ཡིན།
ཨ་མ།
གྲང་འཁྱག་གི་དགུན་ཟླ་དང་
དཀའ་སྡུག་གི་འཚོ་བ།
ཡོད་ཚད་འཛུམ་གྱིས་བསུས་པ་
ང་ཁོ་ནའི་ཆེད་དུ་ཡིན་ནམ།
ཨ་མ།
རྣམ་དག་གི་བརྩེ་སེམས་ཡོད་པས་
འཚོ་བར་བདེ་སྐྱིད་འབྱུང་གིན་རེད་དམ།
ཁྱོད་ཀྱིས་དཀའ་ཁག་ལ་འཁང་ར་དང་
ཞེ་ཕངས་མི་བྱེད་དོན་ཅི་ཡིན།
ཨ་མ།
ང་ཚོ་ན་ཚོད་ཀྱིས་བསླུས་པའི་གཞོན་ནུ་ཡིན།
ཁྱོད་ཀྱི་རྒས་གཉེར་ལས་ལང་ཚོ་ནི་
ཅི་ཡང་མིན་པའི་ཆོད་སེམས་སྟེར་རོགས།
ཨ་མ།
ང་ལ་ཁེངས་རློམ་ལས་འཚོ་བའི་
ཉམས་མྱོང་ཅི་ཡང་མེད།
ཁྱོད་ནི་དམན་སར་འགྲེངས་ཏེ་
ངལ་རྩོལ་གྱིས་མི་ཚེ་རྫོགས།
ཨ་མ།
ང་ནི་ཅི་འདྲའི་ཁྲེལ་མེད་ཅིག།
ཆེས་སྐྱོ་སྡུག་གི་སྐབས་སུ་ཁྱོད་རང་
བླ་ལྷག་ཏུ་དྲན།
༼ ཞོགས་རྫ་རྔ། ༽
