ཀ།
དགོད་སླ་ཞིང་ངུ་སྐྱེན་པའི་འཚོ་བ།
ནམ་མཁར་མུན་པའི་ཡོལ་བས་བསྒྲིབས།
མི་རྣམས་ཀྱི་ནམ་མཁའ་མཐོང་གིན་མི་འདུག།
ཨ་མ་ལགས་ཁོ་ནས་ནམ་མཁའ་ལ་ཅེར་འདུག།
ལྷམ་མེར་ལྷུག་གེར་བཞད་པའི་
ཨ་མའི་འཛུམ་ཆུང་།
ཁ།
སྐབས་རེ།
མིག་ནང་ལ་རླུང་བུ་འཚངས་འོང་།
མིག་མཐའ་ལ་མཆི་མ་བསླངས་འོང་།
མཆི་མའི་ནང་ལ་ཨ་མའི་
གཟུགས་བརྙན་འཆར།
རླུང་ཁར་འགྲེང་བའི་ཨ་མ་ལགས་ཀྱི་
གཟུགས་བརྙན་འཆར།
སྐྲ་རྩེར་ལྷུང་བའི་ཉི་ཐིག།
སོར་རྩེ་ན་འཐོར་བའི་རྡུལ་ཟགས་སོགས།
ཨ་མའི་གཟུགས་བརྙན་གང་མང་འཆར་
འོང་གིན་འདུག
ག
ཉི་ཟླའི་ཕྱི་མིག་རི་བོའི་དབུ་རྩེ་ལ་འཐེན་དུས།
ཨ་མའི་བཞོ་དབྱངས་རི་བོའི་
འདབས་ན་འཁྱིལ།
ང་།
འཇིག་རྟེན་དཀར་ངོགས་ནས།
ལྔ་པའི་བཅུ་གཅིག་ལ་ག་ཚོད་རོལ་ཐུབ་བམ།
ཡང་ན། སྙིང་ཉེ་ཉེ་ངང་ཨ་མ་ལགས་
ལ་ག་ཚོད་འབོད་སྲིད་དམ།
དེ་ལྟར་སྙིང་ཉེ་བའི་དྲོད་འཇམ་ལ་
དུས་ཚིགས་ཅི་ཙམ་ལ་རོལ།
ཅ།
ལོ་མང་པོའི་རིང་གནས་འདི་ནས་སྡོད་མི་སྲིད།
ངས་ཨ་མ་ལགས་ལ།
མུ་ཏིག་གི་མགུར་རྒྱན་ཞིག་ཀྱང་བསྒྲིག་མ་ཐུབ།
ངག་འཇམ་གྱི་གླུ་ཆུང་ཞིག་ཀྱང་ལེན་མ་ཐུབ།
ཆ།
ལས་དབང་གི་ཁ་བཏགས།
ཨ་མ་ལགས་ཀྱི་ཕྱག་ཏུ་འཐེན།
རྟེན་འབྱུང་གི་ངུ་ངག་དང་པོ་དཀྲོལ།
ད་གཟོད་ངས་མཚར་སྡུག་ཅེས་པ་ཤེས།
ཇ།
ཤི་གསོན་གྱི་རྒྱལ་ཁམས་འགྲིམ་པ་ནས།
ཚེ་སྲོག་གི་ལང་ཚོ་འབུས་པ་ནས།
འཆར་གཞི་དང་པོ་ཨ་མ་ལགས་ཀྱིས།
ཐུགས་བསྐྱེད་ངག་གི་དངོས་གྲུབ་
ལས་རྙེད་བྱུང་།
ཉ།
རུས་རྐང་ལ་བྲིས་པའི་སྙན་ངག་དང་པོ།
རུས་རྐང་ལ་འཐིམ་པའི་གླུ་ཚིག་དང་པོ།
རེ་སྨོན་གྱི་སྣུམ་ཞགས་གསར་པ།
སྨོན་འདུན་གྱི་ཁ་བཏགས་རིང་མོ།
སེམས་ནས་དཀྲོལ་འོང་མཁན་དེ།
ཨ་ལགས་ཡིད་བཞིན་ནོར་བུ་རེད།
ཏ།
འཇིག་རྟེན་གྱི་ཉི་མ་དང་འོད་སྣང་
མཐོང་འོང་བའི།
དགའ་སྐྱོའི་ཚོར་བ་གླུ་རུ་ལེན་པའི་
དུས་ཚེས་ཤིག་བསླེབས།
སྐར་ཚོགས་གྲངས་མེད་ཅིག་མཁའ་ལ་
ཆས་པ་མཐོང་།
གྲིབ་རིས་ཡ་ཡོ་ཞིག་འཆར་གཞི་
ལྡན་པའི་ངང་ནས།
ངའི་གམ་ལ་ཐོན་བྱུང་། ངས་མིང་མ་རྙེད་དེ།
“ཨ་མ”ཞེས་ངག་ནས་ཐལ་སོང་།
ཐ།
ང་ས་མཐར་འགྲོ་ཁར།
ཕྱི་མིག་གང་མང་ཞིག།
ཕ་ཡུལ་གྱི་པང་ལ་འཆོར།
ཉི་མའི་ཟོལ་གྱིས་དྲོ་འོང་བའི།
ཟླ་བའི་ཟོལ་གྱིས་བསིལ་འོང་བའི།
ངའི་ཨ་མ་ལགས།
དབུ་སྐྲ་དཀར་གྱིན་པ།
གདོང་བ་གཉེར་གྱིན་པ།
ལག་ཟུང་འདར་གྱིན་པ།
རྐང་པས་སར་མི་ནོན་པ།
དེ་དག་ལ་འཆོར་བ་ཡིན་ནམ།
ད།
ཁ་རྒྱབ་གྱི་དོན་དུ་འུ་ཐུག་མ་སོང་།
མི་གཞན་ལ་སྐུ་མཁྱེན་སྐུ་མཁྱེན་
ཞུ་དགོས་མ་བྱུང་།
དེ་ནི་ང་ལ་ཨ་མ་ལགས་ཡོད་པས་མ་ཡིན་ནམ།
ན།
མུན་གནག་པའི་མཚན་མོ་རེ་རེ་ཕར་ལ་
སྐྱེལ་བ་ན།
འོད་སྣང་གང་ཞིག་གདོང་ལ་ལེན་པའི་
སྙིང་སྟོབས་ཡོད།
དེ་ཡང་ཨ་མ་ལགས་ཀྱིས་
བསྩལ་བ་མ་ཡིན་ནམ།
པ།
ང་བྱིའུ་ཞིག་ཡིན་ན།
ནམ་མཁའ་ལ་གང་འདོད་དུ་འཕུར་མི་ཆོག
ང་བྱ་ཕོ་ཞིག་ཡིན་ན།
བྱ་ལམ་གོང་མར་གང་འདོད་དུ་འཕུར་མི་འོས།
ང་གཟི་མིག་དགུ་བ་ཡིན་པས།
ཨ་མའི་མགུར་ཁུག་ན་ཡོད།
ཕ།
གློ་བུར་དུ།
བསིལ་བུ་འཇམ་པོ་ཞིག་ལྡང་བྱུང་།
ངས་ཨ་མ་ལགས་ཀྱི་ཕྱག་ཟུང་ལ་འཁྲུལ།
འདི་ལྟར་ངས་འཁྲུལ་དུ་བཅུག་པ་ཡང་ཡིན།
བ།
དུས་ངེས་མེད་ཅིག་ལ།
དྲོད་ཁོལ་ཞིག་འཁོར་བྱུང་།
ངས་ཨ་མ་ལགས་ཀྱི་བྱམས་བརྩེ་ལ་འཁྲུལ།
འདི་ངས་འཁྲུལ་ན་བསམ་པ་ཡང་ཡིན།
མ།
ངས་སྙན་ངག་མི་འབྲི་པའི་དུས་སུ་ཡང་།
ཨ་མ་ལགས་ལ་འཕྲིན་ཡིག་འབྲི་ནུས་ཀྱིན་ཡོད།
ཙ།
སྤྲིན་བྲལ་གྱི་ནམ་མཁར་བལྟས་པ་ན།
གཡའ་དག་པ་འདིའི་ཅི་ཞིག་མཚོན་ནམ།
ཨ་མ་ལགས་ཀྱི་ལྷག་བསམ།
ཨ་མ་ལགས་ཀྱི་བསམ་དཀར།
ཨ་མ་ལགས་ཀྱི་ཡོད་ཚད།
ནམ་མཁའ་འདི་ལ་དཔེ་འཇོག་གམ།
ཚ།
ཐ་སྙད་ཀྱི་རྫ་བུམ་དེ་དག་སིལ་བུར་བཅག་ན།
ཨ་མ་ལགས་ཀྱི་ཆ་ཤས་འབྲི་ཐུབ་པའི།
ཐ་སྙད་རིན་ཐང་ཅན་ཞིག་རྙེད་སྲིད་དམ།
ཡང་ན། སྙན་ངག་རྩ་ཆེན་ཞིག་འབྲི་ཐུབ་བམ།
ཛ།
ཨ་མའི་རྨི་ལམ་གྱི་ང་རང་།
དབྱངས་གསལ་ལྷུག་ལྷུག་ཏུ་ཀློག་མཁན་ཞིག།
ཕ་སྐད་ལྷང་ལྷང་ངང་བཤད་མཁན་ཞིག།
མ་ཡིག་ཐག་ཐག་ཏུ་འབྲི་མཁན་ཞིག།
མེས་པོའི་རུས་རྐང་ལ་སྲོག་གི་སྲུང་མཁན་ཞིག།
རང་གི་ཁྲག་རྒྱུན་ལ་དྲི་ངན་མི་བྲོ་བ་ཞིག།
ཝ།
ཨ་མའི་རྨི་ལམ་གྱི་ང་རང་།
གངས་རི་ལ་བཅར་མཁན་ཞིག་ཡིན་པས།
གངས་ཀྱི་སེང་གེའི་ངར་སྐད་གོ་མྱོང་ཡོད།
རྩྭ་ཐང་གི་པང་བ་ལ་ལོག་མྱོང་
མཁན་ཞིག་ཡིན་པས།
གཡང་དཀར་གྱི་འབའ་སྒྲ་དང་རྟ་ཕོའི་
འཚེར་སྐད།
འབྲི་མོའི་ངུར་སྒྲ་དང་བོད་ཨ་མའི་
བཞོ་དབྱངས་ཚོར་མྱོང་ཡོད།
ཞ།
གླིང་བུ་ཞིག་བུས་བྱུང་།
ཨ་མའི་གསུང་སྐད་ཀྱི་ཆ་ཤས་
ཤིག་འགུལ་བ་འདྲ།
ཞབས་བྲོ་ཞིག་འཁྲབ་བྱུང་།
ཨ་མའི་ལུས་ཀྱི་ཆ་ཤས་ཤིག་འགུལ་
སོང་བ་འདྲ།
ཟ།
མཚན་མོར་ཟུག་གཟེར་འཇགས་རྗེས།
སེམས་ཁྲལ་ཞིག་ཀླད་པའི་ངོས་སུ་ཤར།
ད་ལྟ་དབེན་པའི་རི་ཁྲོད་དང་བྲལ་ཟིན།
གཞོམ་གཞིག་བྲལ་བའི་ངའི་རྣམ་རྟོག
མུ་མཐུད་དེ་འཕྲོ་འོང་བ་ཡང་བདེན།
ངས“ཨ་མ། ཨ་མ། ”ཞེས་གཉིད་
འགུགས་ཐབས་བྱས།
འ།
ཨ་མ་ཞེས་པའི་ཚིག་རྐང་འདི་གཉིས།
བསྐལ་བར་བཀླགས་ཀྱང་བརྗོད་བྱའི་
ཟབ་ཚད།
ཤེས་ཐབས་བྲལ་ཞིང་ཤིན་ཏུ་རྨོངས།
“ལྷག་བསམ་གྱི་མཐའ་དོན་ཨེ་ཡིན།”
སྙམ།
ཡ།
“ཨ་མ”ཞེས་པའི་ཚིག་རྐང་འདི་གཉིས།
ཇི་ལྟར་བཀླགས་ཀྱང་དེ་ལྟར་ཟབ་པས།
ངའི་མགོ་བོ་རྨོངས་ཤིང་སྣང་བ་འཁྲུལ།
“གནས་ལུགས་ཀྱི་ཕ་མཐའ་དང་།
སྙིང་རྗེ་ཡི་རང་གཟུགས་ཨེ་ཡིན། ” སྙམ།
ར།
ཨ་མ་ངེད་གཉིས་ཕོ་བྲང་གི་
དབུ་རྩེ་རུ་འགྲེང་དུས།
ཨ་མས་“བུ་ཆུང་གི་བསམ་དོན་
འགྲུབ་པར་ཤོག”ཟེར།
ངས་“ཕ་གིའི་རི་བོ་ཡག་ག”
ཞེས་ངག་ནས་ཐལ།
ལ།
ཨ་མ་ངེད་གཉིས་གཙུག་ལག་ཁང་གི་
སྒོ་འགྲམ་ལ་བཅར་དུས།
ཨ་མས“བུ་ཆུང་གི་བསམ་དོན་
ཆོས་བཞིན་འགྲུབ་པར་ཤོག”ཟེར།
ངས“ཕ་གིའི་ལག་བཟོས་འཇིམ་
སྐུ་ཡག་ག”ཞེས་ངག་ནས་ཤོར།
ཤ
ཨ་མ་ངེད་གཉིས་སྨིན་གླིང་དགོན་པར་
འབྱོར་དུས།
ཨ་མས“བུ་ཆུང་བླ་མས་སྐྱོབས”ཟེར།
ངས་“བླ་མའི་འདྲ་པར་འདུག”ཅེས་ལབ།
ས།
ཨ་མ་ངེད་གཉིས་སྒྲོལ་མའི་ལྷ་ཁང་ལ་
མཇལ་དུས།
ཨ་མས“བུ་ཆུང་རྗེ་བཙུན་སྒྲོལ་
མར་བཅོལ་ཡོད”ཟེར།
ངས“འདི་སྒྲོལ་མའི་སྐུ་གསུང་
འབྱོན་མ་རེད”ཅེས་བཤད།
ང་ལ་དུས་རྒྱུན་སེམས་པ་དཀའ་དྲགས་པའི་
རྔུལ་ཆུ་བཞུར་ཀྱང་།
ཨ་མ་ལགས་ཀྱི་གདོང་ན་
འཛུམ་ཆུང་མ་གཏོགས་གཞན་མི་འདུག།
ཧ།
མ་ཡུམ་གྱི་རྨི་ལམ་ལས་ངའི་
སྐྱིད་སྡུག་དཔོག་ནུས།
ངའི་རྨི་ལམ་ནི་རབ་རིབ་དང་མག་མོ
འབྲེལ་མེད་ཁོ་ནས་གྲུབ་པའི་
འཇིག་རྟེན་ཞིག་ཡིན་པ་འདྲ།
ཡང་ན། གཏི་མུག་གིས་ངའི་རྨི་ལམ་ལ་
དབང་སྒྱུར་གྱིན་འདུག།
ངས་ཤེས་མ་སོང་། གང་ལྟར།
ངའི་རྨི་ལམ་ནས་ཡུམ་ཆེན་མ་མཇལ།
ཨ།
མེས་པོའི་ངག་གི་འདབ་མ་ཞིག།
ངའི་ཡིད་ལ་སིམ་པ་ནི།
“མ་སེམས་ཆུ། བུ་སེམས་རྡོ”
དེ་ག་རང་དུ་བཞག་འདུག།
ཨ་མ་ལགས་ཀྱི་སྐུ་ཚེ་བརྟན།
༼ ཧུན དུར་རོ། ༽
