国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཨ་མ་སྐུ་ཚེ་བརྟན་ པར་སྨོན།

ཀ་བ་བཞིན་དུ་སྐུ་ཚེ་རྟག་བརྟན་ནས།།

ག་དུས་ཡིན་ཡང་ནད་མེད་བདེ་ཐང་ངང་།།

ཁ་འཇམ་ཚིག་གིས་སྲི་ཞུ་ལེགས་སྒྲུབ་པར།།

ང་ཡི་ཨ་མ་དུས་གསུམ་བདག་མོ་ཡིན།།

ཅ་ཅོ་འདྲ་མིན་ནམ་ཡང་མི་བཤད་ཅིང་།།

ཆ་མེད་རྒྱུས་མེད་གནས་ལ་མི་གཡེང་པར།།

ཇ་ཆང་ལ་སོགས་ཁྱིམ་ལ་ལེགས་སྐྱེས་ཕུལ།།

ཉ་བེ་ཉོ་བེའི་ལས་དོན་སྒྲུབ་ཏུ་མེད།།

ཏ་ཐཱ་ག་ཏའི་ཐོས་བསམ་མང་དུ་བསག།

ཐ་གེ་ཙམ་ལ་ཆོས་སྒྲུབ་ལེགས་པར་འབད།།

ད་དུང་མ་ཎི་སྐད་དབྱངས་སྙན་མོ་སོགས།།

ན་ཆུང་དགའ་བའི་ཆོས་སྒྲ་མང་དུ་འདོན།།

པ་ཊུའི་ལེགས་བཤད་སྣ་མང་སེམས་སུ་འཆང་།།

ཕ་ཆོས་ཡང་དག་དགེ་བའི་ལས་དོན་གཉེར།།

བ་དཀར་བཞིན་དུ་ཆོས་ལ་བློ་དཀར་ནས།།

མ་དག་སྡིག་པའི་བྱ་བ་ཐལ་རྡུལ་བརླག།

ཙ་རི་བསྐོར་བའི་ཁོམ་སྐབས་དབེན་ན་ཡང་།།

ཚ་གདུག་ཀློང་ནས་རང་ཅག་དགོན་སྡེ་ལ།།

ཛ་དྲག་མ་ཡིན་བསྐོར་བ་འགྲིམ་བཞིན་དུ།།

ཝ་མོ་ལྟར་དུ་གཉོམ་པའི་ཆོས་ལ་རོལ།།

ཞ་སྨྱུག་ཡི་གེ་འབྲི་བར་མ་ཤེས་ཀྱང་།།

ཟ་གྲོགས་མཉམ་དུ་མ་ཎི་འདོན་ཆོས་སོགས།།

འ་འུ་བྲལ་ནས་གང་མང་འདོན་ཤེས་ཤིང་།།

ཡ་རབས་སྤྱོད་པའི་ལས་ལ་རྟག་པར་བརྩོན།།

ར་བ་གངས་རིས་མི་འཁྱུད་མ་བསྐོར་ཞིང་།།

ལ་ལུང་ཟད་མེད་འགྲིམ་མྱོང་མེད་ན་ཡང་།།

ཤ་རུས་ཁྲག་རྒྱུན་མ་བོར་ཆོས་སེམས་ཀྱིས།།

ས་ཕྱོགས་གང་གི་ཆོས་ལ་དད་བཞིན་ཡོད།།

ཧ་ཅང་ཅུང་ཟད་ལམ་ལ་མ་བསྟོད་ཀྱང་།།

ཨ་མའི་ཁྱོད་ལ་བྲིས་པའི་ཀ་རྩོམ་འདི།།

ཧ་གོ་ཅན་ཚོས་ཞིབ་བཀླག་བྱས་ནས་ཉོན།།

ཨ་གསར་མ་ཡིན་ཨ་མའི་བཀའ་དྲིན་འཇོལ།།

༼ སྙན་རྐང་གླིང་། ༽