“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་རང་ཁུལ་གྱི་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་སོགས་ཀྱི་འཐུས་མིར་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་མཁན་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་དང་འཚམས་འདྲི་གནང་བ་རེད། ཁོང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། ལག་ཤེས་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།
རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་ཀྱི་ངལ་རྩོལ་དཔེ་བཟང་བ་དང་། སྔོན་ཐོན་ལས་དོན་པ། དེ་བཞིན་ལས་གནས་དང་པོའི་ལས་བཟོ་བའི་འཐུས་མི་བཅས་དང་བཞུགས་མོལ་སྤེལ་རེས་བྱེད་རིང་ཀྲའོ་པོ་ཡིས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཞིབ་ཕྲ་དྲིས་པ་དང་ཁོ་ཚོས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་གྲུབ་འབྲས་བཏོད་པར་ཁས་ལེན་གང་ལེགས་གནང་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲའོ་པོ་ཡིས་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་དོན་པ་ནི་མི་དམངས་ཀྱི་མིག་དཔེ་དང་། རྒྱལ་ཁབ་ཀྱི་ཀ་བ། ངལ་རྩོལ་པ་རྒྱ་ཆེ་མི་དམངས་ཀྱི་འཐུས་མི་ཕུལ་བྱུང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་བཅས་ཡིན་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ཚང་མར་ཚང་མའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཡོད།
ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། འབད་འཐབ་ནི་བདེ་སྐྱིད་ཆེ་ཤོས་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་དཀར་མཛེས་ཁུལ་གྱིས་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་བྱེད་པའི་དུས་རིམ་གལ་ཆེན་ཞིག་ཡིན་པས། ངལ་རྩོལ་པ་ཡོངས་ཀྱིས་སེམས་མཐུན་ཕྱོགས་མཐུན་དང་དངོས་སྒྲུབ་འབད་བརྩོན་བྱེད་པ་ནི་ཁ་ཚ་དགོས་གཏུགས་ཡིན་པས། ཁྱེད་རྣམ་པ་ནི་དེའི་ཁྲོད་ཀྱི་སྔོན་ཐོན་འཐུས་མི་ཡིན་ཕྱིར། མདུན་གྲས་སུ་སྐྱོད་ཅིང་ལས་ཀ་དོན་ཐོག་འཁྱོལ་བར་བྱ་དགོས། ཚང་མས་མཚན་སྙན་ལ་གཅེས་སྤྲས་དང་རང་གཤིས་ནམ་ཡང་མི་ཉམས་པ་བྱས་ཏེ་རང་རྟོགས་ངང་གདོང་ལེན་དཔེ་བཟང་གི་འགན་འཁྲི་འཁུར་བ་དང་གདོང་མཆོང་གི་ངར་ཤུགས་ལ་བརྟེན་ནས་དཀར་མཛེས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་ངར་ཤུགས་ལ་བརྟེན་ནས་མཐུན་སྒྲིལ་ཡར་བརྩོན་གྱི་སྤྲོ་སེམས་འཕེལ་བར་བྱེད་པ་དང་། སེམས་ཤུགས་བརྟན་པོར་བརྟེན་ནས་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ཏེ་བྱས་རྗེས་བཞག་ནས་དེང་རབས་ཅན་འཛུགས་སྐྲུན་མཁན་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་མཁན་ཡག་པོ་ཞིག་བྱས་ཏེ་སླར་ཡང་བྱ་ཐབས་ཁ་སྣོན་དང་སླར་ཡང་གྲུབ་འབྲས་བཟང་པོ་བཏོད་དེ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་པར་ལས་གཅེས་ལས་བཀུར་དང་དངོས་སྒྲུབ་འགན་འཁུར་བྱ་རྒྱུར་སྐུལ་ཁྲིད་བྱ་དགོས།
བཟོ་ཚོགས་ཀྱི་ལས་དོན་ནི་ཏང་གིས་ལས་བཟོ་པ་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་ཡིན། ཀྲའོ་པོ་ཁུལ་སྤྱི་ཁྱབ་བཟོ་ཚོགས་སུ་ཆེད་མངགས་བརྟག་ཞིབ་ཏུ་ཕེབས་ནས་ཨང་ཀི་ཅན་གྱི་ཞབས་ཞུ་ལས་སྟེགས་འཁོར་སྐྱོད་དང་། ལས་བཟོའི་ཞབས་ཞུ་གནས་ཡུལ་འཛུགས་སྐྲུན། སི་ཁྲོན་བཟོ་པའི་ཁྱིམ་ཚངAPPདཀར་མཛེས་འཕྲིན་ལམ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། ལས་བྱེད་པ་དང་ལས་བཟོ་པ་དང་སྤེལ་རེས་ཞིབ་མོ་གནང་སྟེ་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོར་ཞབས་འདེགས་ཞུ་བ་དང་། ཁེ་དབང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཁོང་གིས་ཐོག་མཐའ་བར་གསུམ་དུ་ལས་བཟོ་པ་གཙོ་བོར་འཛིན་པའི་ལས་ཀའི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བར་གཙོ་བོར་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ལས་ཀའི་བྱེད་སྟངས་གསར་གཏོད་དང་ཞབས་ཞུའི་བྱེད་ཐབས་ལེགས་སུ་གཏོང་བ། ཨང་ཀི་ཅན་དང་ཚད་ལྡན་ཅན། ཀུན་ཕན་ཅན་བཅས་ཀྱི་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། རིག་ནུས་ཞབས་ཞུའི་ལས་སྟེགས་ཡག་པོ་བཙུགས་ཤིང་། དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ། སེམས་དང་བརྩེ་བ་གཅིག་ཏུ་བསྒྲིམས་ནས་ལས་བཟོ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་དངོས་སེལ་རོགས་བྱ་དགོས་ཞེས་གསུངས། ཀྲའོ་པོ་ཡིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཟོ་ཚོགས་ཀྱི་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་། ཏང་གིས་བཟོ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ། བཟོ་ཚོགས་ཀྱིས་ཁྲིམས་དང་སྒྲིག་ཡིག་ལྟར་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ། ངལ་རྩོལ་དཔེ་བཟང་གི་གཏམ་རྒྱུད་ཡག་པོ་བཤད་པ། གཅེས་སྐྱོང་སྲིད་ཇུས་དོན་ཐོག་འཁྱོལ་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ངལ་རྩོལ་དཔེ་བཟང་ལ་བརྩི་འཇོག་དང་གཅེས་ཁུར། སློབ་སྦྱོང་། བརྩོན་ལེན་བཅས་ཀྱི་རྣམ་ཚུལ་ཆགས་པར་བྱ་དགོས་ཞེས་གསུངས།
ཁུལ་གྱི་མགོ་ཁྲིད་ལིའུ་ཅིན་ཀྲའོ་དང་ཡོན་ཀང་། བསོད་ནམས་དབྱངས་ཅན་བཅས་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལྷན་དུ་ཕེབས་ཡོད།།
(ལྷ་འཛོམས་ཀྱིས་བསྒྱུར།)
